ཁྱུང་ནག་བསམ་གཏན་གླིང་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་ལོ་མཇུག་གི་རྒྱུགས་སྤྲོད་བྱ་དགའ།
[ཟླ་ཚེས། 2018-02-04 22:23:37][རྩོམ་པ་པོ། ཁྱུང་བསོད་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་སྤྱི་ལོ་ ༢༠༡༧/ལོ་ཡི་ལོ་མཇུག་གི་གཟེངས་བསྟོད་བྱ་དགའ་བཞེས་སའི་གནས་བསྡུས།
༧ དམུ་རྒྱལ་གཤེན་གྱི་བསྟན་པའི་ཕ་ས་ལྷོ་གླིང་འཛིན་མའི་ལྟོ་བ་དང་། །
དཀར་ནག་ཁྱུང་གི་སྒོང་རྒྱ་རལ་སའི་སུམ་པ་གླང་གི་སྒལ་གཞུང་གི །
སྙ་ཆེན་ལི་ཤུའི་ཕྱག་གིས་བསྐྱངས་བའི་སྒོ་བཞི་མཛོད་ལྔའི་གཏེར་སྒྲོམ་ཁར། །
མུ་ཁྱུང་རྒྱལ་གྱི་མི་བུའི་ཕ་ཁྱིམ་བསམ་གཏན་གླིང་གི་གཟི་བརྗིད་བསྔགས། །
འོ་ལགས་སོ། དེ་རིང་ནི་བཀྲིས་པའི་དགེ་མཚན་སྟོང་གིས་ཕྱུག་པའི་ཐོས་འཛིན་སྙན་དབང་གསོ་བའི་གཏམ་བཟང་ཞིག་ཡོད་ལ། དེ་རིང་ནི་བྱིན་ཆགས་པའི་བླ་སློབ་མཁན་གསུམ་འཛོམས་པའི་འོད་སྟོང་འབར་བའི་གཟི་བརྗིད་ཅིག་ཡོད་དོ། དེ་རིང་ནི་དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་ཡང་མེས་མཁན་རབས་རིམ་བྱོན་གྱི་གདམས་ངག་གི་བྱིན་ཁ་མ་ཡལ། གསུང་རབ་ཀྱི་ལུང་རྒྱུན་མ་ཆད་པའི་ཁྲི་འཛིན་མཁན་སློབ་རྣམ་པའི་གསེར་ཞལ་ཞི་འཛུམ་དགོད་པའི་ཉིན་མོ་ཞིག དེ་རིང་ནི་དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་ལོ་ལྟར་གྱི་ཨ་དཀར་བུམ་སྒྲུམ་ཆེན་མོ་ཉིན་བདུན་གྱི་རིང་ལ་སྐྱ་སེར་བརྒྱ་ཕྲག་ལྔ་དྲུག་ཡན་མན་གྱིས་ཉིན་མཚན་ལྟོས་མེད་ལ་དུ་ཏྲི་སུ་ཡི་གསུང་དབྱངས་ཆད་མེད་འཐེན་པའི་ཉིན་དྲུག་པ། དེ་རིང་ནི་རེ་སྐུལ་བོན་སྐྱོང་ལྷ་ལ་ཞུ་སྟེ་འབྱུང་འགྱུར་དུས་ཀྱི་སྐལ་བཟང་ཞིག་སྒུག་ནས་བཅུ་ཕྲག་རིག་པའི་གནས་ལ་མངའ་མཉེས་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་ལོ་ཡག་སྙེ་མ་འཁྲུངས་པའི་སྡོང་གྲོགས་སྨོན་ལམ་འདེབས་པའི་དུས་བཟང་ཞིག
དེ་རིང་ནི་དུས་ཚོད་བཟང་པོ་སྟེ། གསང་གསུམ་བོན་གྱི་མཛོད་འཛིན་སྐུ་མཆོག་ཉི་མ་གཞོན་ནུ་སྟེ་སངས་རྒྱས་སྐུ་ཤ་རློན་པ་ཡོངས་འཛིན་སྨྲ་བའི་སེང་གེ་སྐུ་ཚེའི་དགུང་གྲངས་གོ་གསུམ་ལ་བསྙེགས་ཀྱང་ཐུགས་ཀྱི་དགོངས་པའི་སྤྱན་གཟིགས་ཀྱི་ཉི་མ་དེ་མཁའ་ནས་ཤར་བས་ང་ཚོ་དྲོ་ཡོད། དེ་རིང་ནི་སྐར་མ་བཟང་པོ་སྟེ་དཔལ་རྒྱལ་བ་སྨན་གྱི་རི་བོའི་ཁྲི་འཛིན་གྱི་ཟླ་བ་དཀར་པོའི་གསལ་ཆའི་འོད་གུར་གནམ་ནས་ཕུབ་པས་ང་ཚོ་གསལ་ཡོད། དེ་རིང་ནི་དགེ་མཚན་བཟང་པོ་སྟེ། དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་ལ་སྤྱི་ལོ་༢༠༡༧/ལོར་སྒོ་བཞི་མཛོད་ལྔའི་བཤད་གྲྭ་དབུ་བཙུགས་པའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱི་དགོངས་པ་ཐུགས་ཀྱི་ལྷག་བསམ་གཡུང་དྲུང་བོན་ལ་དཀར། བརྩོན་འགྲུས་ཕྱག་གི་དཀའ་བ་མདོ་སྔགས་སེམས་ལ་སྤྱད། གཞན་ཕན་བྱམས་ཀྱི་བརྩེ་བ་བསྟན་འགྲོའི་དོན་དུ་བསྐྱངས་ནས་ལུང་གི་བོན་ལ་འཆད་ཉན་དང་། རྟོགས་པའི་བོན་ལ་སྒོམ་སྒྲུབ་ཉམས་ལེན་གཉིས་ཡ་མ་བྲལ་བར་དཀའ་བ་ཕྱག་གིས་བརྩོན་པའི་ལག་རྗེས་གསེར་གྱི་རི་མོ་གཟེངས་རྟགས་མཁའ་ལ་བཀྲ་བའི་དུས་བཟང་ཞིག དེ་རིང་ནི་འདས་སོང་བསྐལ་པ་བརྒྱ་ལ་མ་བྱུང་བའི་ཁྱུང་ནག་བསམ་གཏན་གླིང་གི་ཚད་མ་སྨྲ་བའི་རིག་རྒོད་རྣམས་ཀྱིས་ཤེས་རིག་གི་རྒྱལ་ཁའི་བ་དན་མཁའ་ནས་ཕྱར་བའི་དུས་བཟང་ཞིག་ཡིན་པས་ཁྱེད་རྣམ་པའི་ཐུགས་བརྩེ་བ་ཆེན་པོས་གཟིགས་རྟོགས་ཡོད་པར་ཞུ། ཁྱུང་ནག་བསམ་གཏན་གླིང་གི་བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རྒྱུགས་སྤྲོད་ཨང་རིམ་འདི་ལྟར། རིག་གནས་རྒྱུགས་སྤྲོད་ཨང་དང་པོ། གཤེན་བསྟན་ནམ་མཁའ། ཐོབ་སྐར། ༩༣ རིག་གནས་ཨང་གཉིས་པ། ཚེ་དབང་དང་། གཙུག་ཕུད་རྒྱལ་མཚན། ཐོབ་སྐར། ༨༨ ༨༨ རིག་གནས་ཨང་གསུམ་པ། ནམ་མཁའ་ཡེ་ཤེས་དང་། བསྟན་འཛིན་རྒྱལ་མཚན། ཐོབ་སྐར། ༨༦ ༨༦ གཞུང་རྒྱུགས་སྤྲོད་ཨང་དང་པོ། གཤེན་བསྟན་ནམ་མཁའ། ཐོབ་སྐར། ༩༥ གཞུང་རྒྱུགས་ཨང་གཉིས་པ། བསྟན་འཛིན་རྒྱལ་མཚན། ཐོབ་སྐར། ༩༣ གཞུང་རྒྱུགས་ཨང་གསུམ་པ། གཙུག་ཕུད་རྒྱལ་མཚན། ཐོབ་སྐར། ༩༠ རིག་གནས་དང་གཞུང་རྒྱུགས་སྤྱི་སྔོམ་ཨང་དང་པོ། གཤེན་བསྟན་ནམ་མཁའ། ཐོབ་སྐར། ༡༨༨ ཨང་གཉིས་པ། གཙུག་ཕུད་རྒྱལ་མཚན་དང་། བསྟན་འཛིན་རྒྱལ་མཚན། ཐོབ་སྐར། ༡༧༨ ༡༧༨ ཨང་གསུམ་པ། ནམ་མཁའ་ཡེ་ཤེས། ཐོབ་སྐར། ༡༤༢ སྤྱི་ཡོངས་ཀྱི་ལེགས་མཚོན་བྱ་དགའ་བཞེས་མཁན། དངོས་གྲུབ་རྒྱལ་མཚན་དང་། ཚེ་དབང་བཀྲིས། སྐལ་བཟང་ཚུལ་ཁྲིམས་བཅས། དམིགས་བསལ་སྙན་སྒྲོན་ཞུ་རྒྱུ་བཤད་གྲྭ་དབུ་བཙུགས་ནས་ཟླ་བ་གཉིས་ཀྱི་ནང་ཚུན་ལ་ཀུན་མཁྱེན་བསྡུས་གྲྭ་ཆ་ཚང་ངག་རྒྱུགས་འཕར་མ་ཕུལ་མཁན། གཤེན་བསྟན་ནམ་མཁའ། གཙུག་ཕུད་རྒྱལ་མཚན། བསྟན་འཛིན་རྒྱལ་མཚན་བཅས་ཡིན་ནོ། །
འོ་ལགས་སོ་ད་ང་ཚོ་ཁྱུང་ནག་བསམ་གཏན་གླིང་གི་སྤྱི་ལོ་༢༠༡༧/ལོ་ཡི་ལོ་མཇུག་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་རྒྱུགས་སྤྲོད་ཀྱི་མཛད་སྒོ་ཀུན་ལེགས་གྲུབ་བྱུང་བ་ཡིན། མ་འོངས་པར་དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་མཁན་སློབ་རྣམ་པ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། རིག་པ་སྨྲ་བ་ཚོས་སློབ་སྦྱོང་ལ་འབད་འབུང་ལྷོད་པ་མེད་པར་རླབས་ཆེན་ཆུ་བོ་བཞིའི་རྒྱུན་ལས་རིང་བར་བརྩོན་འགྲུས་ལྷོད་མེད་གནང་བའི་རེ་བའི་ཕྱག་སོར་གྱི་ཐལ་མོ་སེམས་ནས་བཅང་ཡོད་ལ། ཁྱུང་ནག་བསམ་གཏན་གླིང་གི་བཤད་སྒྲུབ་ཀྱི་བསྟན་པ་འདི་ཡར་ངོའི་ཟླ་བ་བཞིན་ཇེ་རྒྱས་སུ་འགྲོ་བའི་ཁ་གཡང་དྲོད་མོ་ཀུན་ནས་བསྒྲོག་རྒྱུ་དང་། ད་ལན་སློབ་གཉེར་གྲྭ་བཙུན་ཚོ་ལ་ཟས་གོས་གནས་མལ་གྱི་འཚོ་བའི་ལོངས་སྤྱོད་སོགས་གྱ་ནོམ་པོ་དང་སྟབས་འགྲིག་པོ་ཞིག་གང་འདོད་ཆར་བཞིན་དུ་འབེབས་པ་དང་། ཆུ་བཞིན་དུ་འབྲུག་བཞིན་པ་ལ་བོན་གྱི་ལྷ་མི་གཤེན་གསུམ་གྱིས་སྡོང་གྲོགས་འོག་ནས་ཁྱུང་ནག་ལྷ་སྡེ་ཐུན་མོངས་ཀྱིས་རྒྱབ་སྐྱོར་མི་དམན་པར་གནང་བཞིན་པ་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམ་པ་ཁ་དགེ་དབང་ཐང་དར་ཞིང་བསམ་དོན་མྱུར་འགྲུབ་ཡོང་བའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ཚིག་དང་བསྡེབས་ནས་ངས་ཁྱུང་ནག་བསམ་གཏན་གླིང་གི་བླ་སློབ་འདུས་པ་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་རྣམ་པ་ཚང་མ་ལ་བཀྲིས་བདེ་ལེགས་ཞུ་ཞུ།།
༢༠༡༨/༢/༣/ཉིན་/ཁྱུང་བསོད་བློ་/ནས་སྤེལ་ལོ།།