བོན་ནག་ཚང་གི་དེབ་གསར་འགྲེམ་སྤེལ་མཛད་སྒོ།

[ཟླ་ཚེས། 2018-01-20 23:06:31][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1516461097666002.jpg

   བོན་ནག་ཚང་ནི་ཀུན་ལ་ཆ་རྒྱུས་མངའ་བའི་དགེ་བཤེས་ཤིག་སྟེ།   ཁྲི་བློ་རྩེ་དང་།   བོན་ནག་ཚང་།   ཡེ་ཤེས་བློ་གྲོས་སོགས་མིང་གི་རྣམ་གྲངས་སུ་ཆགས་པའི་དེང་རབས་ན་གཞོན་རྩོམ་པ་པོ་ཞིག་ཡིན།   ཁོང་གིས་ཆུང་ནས་བཟུང་སྟེ་ཟས་སྐྱ་གོས་ཧྲུལ་གྱི་འཚོ་བའི་བརྒྱུད་རིམ་ཁྲོད་དུ།    རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན་བོན་བརྒྱ་སྨྲ་བའི་སེང་གེ་དང་།   ངེས་དོན་བའི་དགེ་བཤེས་གཉེན་དམ་པ་མཁས་དབང་ལུང་རྟོགས་རྒྱ་མཚོ་ཚང་རྣམ་པ་གཉིས་ཀྱི་གཙོས་པའི།    རྔ་བ་སྣང་ཞིག་དགོན་ཆེན་དུ་བཞུགས་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་གི་མདུན་ནས།   སྐུ་ཚེའི་སྙིང་པོ་ཐོས་དོན་ཉམས་བཞེས་ཀྱི་མཛད་བཟང་ཡ་མཚན་པ་མང་པོ་བརྒྱུད་དེ་དགེ་རྒན་དང་།  དགེ་བཤེས།   མཁན་པོ་སོགས་ཀྱི་མཚན་རྟགས་རིམ་གྱིས་བཞེས་ནས་ཡོང་བ་ཞིག་ཀྱང་ཡིན།

1516461097225443.jpg

1516461097118337.jpg

   ཁར་རྩང་སྟེ་སྤྱི་ལོ༢༠༡༨ལོའི་ཟླ༡པོའི་༡༩ཉིན་གྱི་དགུང་མོའི་དུས་ཚོད༨ནས༡༠བར་བོན་ནག་ཚང་ཡེ་ཤེས་བློ་གྲོས་ལགས་ཀྱིས་ཉེ་ཆར་གསར་དུ་བརྩམས་གནང་མཛད་པའི<<མིའི་རིགས་ཀྱི་ཤེེས་རིག་གི་གྲོལ་ཕུག་དེ། གདོད་མའི་བོན་གྱི་རིག་གནས་རེད། >>ཅེས་པའི་བརྩམས་ཆོས་གསར་བའི་འགྲེམ་སྤེལ་མཛད་སྒོ་སྟབས་བདེ་ཞིག     རྔ་བ་སྣང་ཞིག་དགོན་ཆེན་དུ་དངོས་སུ་འཚོགས། ཚོགས་ཐོག་དེར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་།   མདོ་སྨད་སྣང་ཞིག་དགོན་ཆེན་གྱི་སློབ་ཟུར་ལུང་རྟོགས་རྒྱ་མཚོ་རིན་པོ་ཆེ་གཙོས་པའི་དགེ་སློབ་ཉིས་བརྒྱར་ལོངས་པ་ཞིག་གདན་འཛོམས་བྱུང་། ཐེངས་འདིའི་བོན་ནག་ཚང་གི་ཆེད་དེབ་ཀྱི་མཛད་སྒོའི་མདོ་འཛིན་པའམ་རིག་པའི་མེ་ལྕེ་ལགས་ཀྱིས་མཛད་སྒོའི་ཤིས་ཚིག་དང་འབྲེལ། ངེས་དོན་ལུང་རིགས་སྨྲ་བའི་དབང་པོ་དགེ་བཤེས་ལུང་རྟོགས་རྒྱ་མཚོ་ཚང་གླེང་སྟེགས་སུ་གདན་ཞུས་གནང་སྟེ།   

1516461097866358.jpg

1516461097584586.jpg

   ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས།   བོན་ནག་ཚང་དང་ཁོང་གི་ཆེད་དེབ་ཀྱི་དགེ་མཚན་སྐོར་ངོ་སྤྲོད་ཀྱི་ཞོར་དུ། བོན་ནག་ཚང་ཡེ་ཤེས་བློ་གྲོས་ནི་མདོ་སྨད་བྱང་རྒྱུད་ཀྱི་བོན་གྱི་དགེ་བཤེས་ཐོག་མ་ཡིན་ཚུལ་དང་། དེ་ལུགས་ཀྱི་བོན་ནག་ཚང་གི་བསླབ་པ་སློབ་སྦྱོང་གི་དུས་ཚོད་ཇི་ལྟར་སྤྱད་པའི་གོ་རིམ་གནད་གསུང་གནང་བ་དང་།    དེ་བཞིན་ཡ་ཐོག་གདོད་མའི་ཤེས་རིག་དང་ཞང་ཞུང་རིག་གནས།  ཞང་བོད་ཡི་གེའི་ཁུངས་འདེད་ལམ་ལུགས་སོགས་ཀྱི་ཐད་ནས་གནའ་དེང་མཁས་པ་མང་པོའི་བཞེད་ལུགས་འདྲ་དང་མི་འདྲ་བའི་སྐོར་ནས་གསུང་བཤད་ལམ་སྟོན་རིན་ཐང་ཅན་མང་དུ་གནང་།  

1516461097288269.jpg

1516461097129925.jpg

   དེ་རྗེས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་སློབ་ཟུར་སི་ཁྲོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་མཁས་དབང་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་གིས།   བོན་ནག་ཚང་ཡེ་ཤེས་བློ་གྲོས་ལགས་ཀྱི་མི་ཚེའི་ནང་གི་བོན་ནག་ཚང་གིས་འཆད་པ་བོན་གྱི་འཁོར་ལོ་དང་།   རྩོད་པ་བོན་གྱི་འཁོར་ལོ།  རྩོམ་པ་བོན་གྱི་འཁོར་ལོ་སོགས་འཆད་རྩོད་རྩོམ་གསུམ་གྱི་བོན་འཁོར་ཇི་ལྟར་བསྐོར་བའི་ལོ་རྒྱུས་དང་འབྲེལ་ཐུབ་བསྟན་རིག་གནས་ཁྲོད་ཀྱི་ཐེག་ཆེན་གྱི་གྲོལ་ཕུགས་གནའ་བོའི་ཞང་ཞུང་ཡིན་པའི་སྐོར་གྱི་གསུང་བཤད་སོགས་གནད་ལ་ཁེལ་ཞིང་དོན་ལས་མི་འགལ་བའི་ལམ་སྟོན་ཟབ་མོ་གནང་།

1516461097963438.jpg

1516461097837871.jpg

   དེ་རྗེས<<མིའི་རིགས་ཀྱི་ཤེས་རིག་གི་གྲོལ་ཕུག་དེ།>>ཅེས་པའི་དེབ་འདིའི་བྱེད་པོ་བོན་ནག་ཚང་ཡེ་ཤེས་བློ་གྲོས་མཆོག་གིས།    རང་གི་ཆེད་དེབ་ཀྱི་ཁ་བྱང་དང་འགྲེལ་ཏེ་དེབ་ཀྱི་ནང་དོན་ལས་དགེ་མཚན་ཁ་ཤས་རགས་བརྗོད་བྱས་ཏེ་གླེང་བརྗོད་བྱས།    གླེང་བརྗོད་བྱས་པའི་འོག་ཏུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་།   རྔ་བ་སྣང་ཞིག་དགོན་ཆེན་གྱི་སློབ་ཟུར་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་དང་། ཀ་ཤུལ་བསོད་རིན། གཤེན་ཡ་ངལ་ཁྲི་རྒྱལ། ཉག་རོང་པ་ཉི་མ་རྒྱལ་མཚན། རྒྱ་ཤོད་ཤེས་རབ་རྒྱ་མཚོ། སྤྲེའུ་བཙུན་ཀུན་བཟང་ལྷུན་འགྲུབ་སོགས་ཀྱིས་བོན་ནག་ཚང་གི་དེབ་ཀྱི་ནང་དོན་ལས་གཡོལ་བ་མ་མཆིས་པའི་དྲི་བ་སྣ་ཚོགས་བཏོན་ཞིང་།    བོན་ནག་ཚང་གིས་ཀྱང་དྲི་བ་རེ་རེར་ཐུགས་ལྷོད་ཞུ་དུལ་གྱི་སྒོ་ནས་དྲིས་ལན་ཁ་གསལ་དོན་གནས་ཀྱི་ཚུལ་དུ་བཏབ་ནས།  ཀུ་ཡངས་ལམ་བཟང་།   ཉམས་མྱོང་བརྗེ་རེས།   ལྟ་ཚུལ་ལྷུག་བརྗོད་སོགས་ཀྱི་སྒོ་མོ་ཕྱོགས་ཀུན་ནས་ཡངས་པོར་ཕྱེས།   

1516461097190587.jpg

1516461097963696.jpg

   འདི་དང་འདི་ལྟ་བུའི་བྱ་འགུལ་སྤེལ་བ་ནི།  ངོ་མ་རིན་ཐང་ལྡན་ལ་དོན་སྙིང་ཡོད་པ་ཙམ་དུ་མ་ཟད།   མུ་མཐུད་དུ་ང་ཚོས་འདི་དང་འདི་ལྟ་བུའི་རྩོམ་ཡིག་འབྲི་བ་དང་།  བྱ་འགུལ་སྤེལ་བ།   ཉམས་མྱོང་གི་སྐད་ཆ་བཤད་རེས་དང་།  བསམ་བློ་ཡི་གོ་རྟོགས་སྤེལ་རེས་ཀྱི་ལམ་བཟང་བསྟུན་མར་གཉེར་ཏེ།   དེང་སང་བོན་གྱི་སྤྱི་ཚོགས་ཁྲོད་ན་སྟོང་ཆ་བཞིན་ལུས་འདུག་པ་མང་པོ་ཞིག་ཁ་སྐོང་གནང་རྒྱུ་དང་།   ད་ལྟ་བོན་གྱི་སྤྱི་ཚོགས་ཁྲོད་ན་ས་བཅད་བཞིན་ཆད་འདུག་པ་མང་དག་ཅིག་ཁ་གསབ་བཟོ་ཐུབ་པར་བྱ་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་གཡོལ་དུ་མེད་པ་ཞིག་ཀྱང་ཡིན་སྣང་གིས་ཚོར་བ་ནམ་ཡང་ཡོང་གི་འདུག་ཅེས་ཞར་བྱུང་གི་ཚུལ་དུ་གླེང་རྒྱུ་བཅས།    ད་ལན་གྱི་བོན་ནག་ཚང་གི་དེབ་གསར་འགྲེམ་སྤེལ་མཛད་སྒོའི་ནང་དོན་ཕུན་སུམ་ཚོགས་པའི་ངང་མཇུག་གྲུབ། མཇུག་མཐར་དེར་འདུས་ཀྱི་དགེ་རྒན་རྣམ་པས་བོན་ནག་ཚང་ཡེ་ཤེས་བློ་གྲོས་ཀྱི་ཆེད་དེབ་ལེགས་གྲུབ་བྱུང་བ་ལ་རྗེས་སུ་ཡི་རངས་དང་ལེགས་སོའི་བསྔགས་བརྗོད་ཙམ་མཚོན་བྱེད་དུ་བཀྲ་ཤིས་ལྷ་དར་ཕུལ་རྗེས་དྲན་རྟེན་འདྲ་པར་མཉམ་དུ་བསྒྲོན་ཏེ་བྱ་འགུལ་འདི་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་གསར་འདི་ཙམ།   བོན་ནག་ཚང་དང་ཆུང་ནས་འབྲེལ་འདྲིས་ཀྱི་བག་ཆགས་ཟབ་ཅིང་།  བླ་མ་གཅིག་གི་སློབ་མ་དང་།  དགེ་རྒན་གཅིག་གི་སློབ་བུ་ཡང་གྱུར་མྱོང་བའི་གྱི་ན་བ་གདོང་བཙུན་རྒྱ་ཐར་གྱིས་རྔ་བ་རྫོང་ཐོག་ཏུ་སྤྱི་ཟླ་བའི་ཚེས་ལ་སྤྲོ་བས་བྲིས་པའོ། །

༢༠༡༨/༡/༢༠

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།