དགའ་མལ་དགོན་ཆེན་གྱི་མཁན་རིན་པོ་ཆེའི་འཚམས་འདྲིའི་ཞུ་འཕྲིན།

[ཟླ་ཚེས། 2018-01-02 14:33:49][རྩོམ་པ་པོ། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

98b8570140489ac44ab0c39aeed5ad26.jpg
སྨན་རིའི་ཁྲི་འཛིན་སོ་བཞི་བར་ཕུལ་བའི་རྟེན་འབྲེལ་གྱི་ཞུ་འཕྲིན།.jpg

དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་མཐུས།།
མ་བདུད་བཙན་རྒྱལ་ཐུགས་དམ་མ་གཡེལ་བར།།
སྨན་གྱི་རི་ལ་སྐྱབས་མཆོག་ཟླ་གཞོན་དྲངས།།
བོན་བསྟན་སླར་ཡང་དར་བའི་རྟེན་འབྲེལ་འགྲིག།

   ད་ལན་ཁ་བ་གངས་ཅན་པའི་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་གཙུག་གི་ནོར་བུ་ལྟར་བཀུར་བའི་འདྲེན་མཆོག་བླ་ན་མ་མཆིས་པ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པའི་ལྷ་སྐལ་དུ་བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ ༧ ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་ལགས། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གསེར་ཁྲིར་ཕེབས་པར་ཨེ་མ་ངོ་མཚར་ཆེའོ།། རྨད་དུ་བྱུང་ངོ་།། རབ་ཏུ་དགེའོ།། ཞེས་ཐོག་མར་རྟེན་འབྲེལ་ལྷ་དར་དཀར་པོའི་ཚབ་ཏུ་ཕུལ་ཞིང་། སླད་མར་རིན་པོ་ཆེའི་མཛད་བཟང་ནམ་མཁས་གར་ཁྱབ་ཅི་བཞིན་དུ་ཁྱབ་སྟེ། ༧ སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་ཕྱག་སྲོལ་བཟང་པོ་ལྟར། སྤྱི་ན་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཞི་བདེ་ལ་ཐུགས་ཁུར་ཆེ་བཞེས་དང་སྒོས་སུ་རང་ཅག་ཁ་བ་གངས་ཅན་པའི་རིས་སུ་མ་ཆད་པའི་གྲུབ་མཐའ་ཀུན་གྱི་མཐུན་སྒྲིལ། ཡང་སྒོས་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་བོན་པོ་ཡོངས་ཀྱི་སྐྱིད་སྡུག་དང་། ལྷག་ཏུ་སྐུ་ཉིད་ཀྱི་ལྟེ་མཚལ་གང་ལ་ཕོག་པའི་ཡབ་ཡུལ་ཤར་ཁོག་ལུང་པའི་སྐྱེ་བོ་ཀུན་གྱི་སྤོབས་པ་རུ་འགྱུར་བ་སོགས་མཛད་བཟང་མུ་ནས་མུ་རུ་སྐྱོངས་ཏེ། ཇི་སྐད་དུ། འཛམ་གླིང་མཁས་མང་གཙུག་རྒྱན་མཉམ་མེད་པ། ཞེས་པ་ལྟར་གྱི་སྐྱེས་བུ་དམ་པ། མཆོག་ཏུ་གྱུར་པ། འགྲན་ཟླ་བྲལ་བ། སྐྱེ་འགྲོ་ཡོངས་ཀྱི་གཙུག་གི་རྒྱན་དུ་འགྱུར་བའི་ཁ་གཡང་དང་བཅས། གུས་པ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཁྲི་འཛིན་གཉིས་པ ༧ ཤེས་རབ་གཡུང་དྲུང་དབང་རྒྱལ་གྱིས་ཤར་ཁོག་ལུང་པའི་བོན་འབངས་ཡོངས་ཀྱི་ཚབ་ཞུས་ཏེ། ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བས་བཀའ་དྲིན་བརྩེ་གཟིགས་གནང་བ་ལྟར་ཤར་ཁོག་ལུང་པའི་དགོན་གྲོང་སུ་ཡིན་ཡང་དད་སེམས་འགྱུར་མེད་དང་དམ་ཚིག་འགལ་མེད་དུ་གནས་ཤིང་། ༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ཟླ་བ་དར་རྒྱས་མཆོག་གི་མཛད་འཕྲིན་ལ་ཡུལ་དུས་ཀྱིས་བསྐལ་མིན་ལ་མ་ལྟོས་པར་ཤར་ཁོག་ལུང་པའི་དད་ལྡན་སུ་ཡིན་ཡང་སྲི་ཞུ་ཅི་འབྱོར་སྒྲུབ་པའི་རེ་བ་དང་བཅས་ཏེ།

སྤྱི་ལོ ༢༠༡༨ ཟླ ༡ ཚེས ༡བཟང་པོ་ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།