གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
[ཟླ་ཚེས། 2017-12-14 00:57:01][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་ལེགས་ལུང་གཙོ་ཚང་དགོན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་སོགས་ཀྱི་ཚོགས་འདུ་དང་མཛད་སྒོ་སྤེལ་བ།
སྤྱི་ལོ་༢༠༡༧ལོའི་ཟླ་༡༢ཚེས་༦ནས་ཚེས་༡༠བར་ཏེ་ཉིན་ལྔའི་རིང་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དང་འབྲེལ་ལེགས་ལུང་གཙོ་ཚང་དགོན་པའི་མཐོང་གྲོལ་གསེར་གདུང་ཆེན་མོ་གཙུག་ལག་འོད་སྣང་འབར་བའི་སྒོ་འབྱེད་རབ་གནས་མཛད་སྒོ། སྤྲུལ་སྐུ་བསྟན་པ་རབ་རྒྱས་ཚང་ལེགས་ལུང་གཙོ་ཚང་དགོན་པའི་དགོན་བདག་ཁྲི་བཞེངས་ཀྱི་མཛད་སྒོ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཆེས་ཐོག་མའི་དཔེ་རྙིང་སོར་བཞག་དེབ་གཟུགས་པར་བསྐྲུན་འགྲེམ་སྤེལ་དབུ་འབྱེད་དང་དཔེ་སྦྱིན་མཛད་སྒོ་བཅས། མདོ་སྨད་ཀན་ལྷོ་ཁུལ་ཐེ་བོ་རྫོང་ལེགས་ལུང་གཙོ་ཚང་དགོན་དུ་གཟབ་རྒྱས་སུ་འཚོགས་པ།
ཚེས་༦ཉིན་གྱི་ཞོགས་ཀའི་ཆུ་ཚོད་༡༠:༣༠སྟེང་གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་འདབས་རོལ་ཐེ་བོ་རྫོང་གི་སྟོད་ཕྱོགས་ཚོང་རུ་བར་མ་ཡུལ་ཚོ་ནས། ལེགས་ལུང་གཙོ་ཚང་དགོན་པ་གཙོ་བྱས་ཐེ་བོ་དགོན་སྡེ་ཁག་གི་མི་སྣ་དང་ལྷ་སྡེ་མང་ཚོགས་ཀྱིས་རླངས་འཁོར་ཉིས་བརྒྱར་ཉེ་བ་ཙམ་གྱིས་ཆིབས་བསུ་དང་། དགོན་སྡེ་ཁག་གི་བླ་གྲྭ་ཡོངས་ནས་སེར་ཕྲེང་གིས་བསུ་བ་རྒྱ་ཆེན་བཅས་ཕེབས། གསེར་གདུང་ལྷ་ཁང་གི་མདུན་ནས་འདུས་པ་ཡོངས་ཀྱིས་གཤེན་རབ་མཆོད་རྔའི་མཆོད་འབུལ་བྱས།
ཚོགས་མི་ཡོངས་ཀྱིས་བསྟན་རྒྱས་སྨོན་ལམ་གསུང་བ་དང་ཆབས་ཅིག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་གྲྭ་ས་གཡུང་དྲུང་གླིང་གི་མཁན་ཆེན་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། ལེགས་ལུང་གཙོ་ཚང་དགོན་པའི་དབུ་བླ་སྤྲུལ་སྐུ་བསྟན་པ་རབ་རྒྱས་ཚང་བཅས་ཁོང་རྣམ་བཞིས་བོན་གྱི་བརྡ་དར་ཆེན་མོ་མཁའ་ལ་བསྒྲེངས།
ཆུ་ཚོད་༡༣:༣༠སྟེང་གསེར་གདུང་ལྷ་ཁང་གི་སྒོ་ཁྱམས་ནས་ཚོགས་ཞུགས་པ་ཡོངས་ཀྱིས་དྲུང་ཡིག་ཚན་ཁག་གི་མདུན་ནས་མིང་ཐོ་བཀོད་ཚར་བ་དང་།
ཐེ་བོ་རྫོང་མཁར་འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་གྱི་ལྔ་ཐོག་ནས་ཚོགས་གཙོའི་ཚོགས་འདུ་འཚོགས་ཏེ་ཐེངས་འདིའི་གྲོས་གཞི་ཁག་གཏན་འབེབས་གནང་།
ཕྱི་དྲོ་དེར་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་མཐོང་གྲོལ་ལྷ་ཁང་ཆེན་མོའི་ཁྱམས་ར་ནས་དད་ལྡན་མང་ཚོགས་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་མཚམས་སྦྱོར་དང་། ཀྲུང་ཧྭ་བཀའ་བརྟེན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་སྒྲིག་ཞུ་དང་འབྲེལ་བའི་ལས་དོན་སྐོར་གྱི་བཀའ་སློབ་གནང་། ༼ ཐེངས་འདིའི་ཚོགས་མི་ཡོངས་རྫོགས་བཞུགས་ས་དང་བཞེས་པ་གནང་ས་ནི་ཐེ་བོ་རྫོང་གི་ཚོང་རམས་པ་ཚེ་དབང་རྡོ་རྗེའི་གསོལ་མགྲོན་ཁང་སྟེ་འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་ཡིན་ལ། ཚོང་རམས་པ་ཁོང་གིས་ལེགས་ལུང་གཙོ་ཚང་དགོན་པར་རམ་འདེགས་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་ཞབས་ཏོག་རྒྱ་ཆེན་གནང་བ་རེད། ད་དུང་གཟའ་ཉི་མའི་གསོལ་མགྲོན་ཁང་དང་། བོད་སྤོས་གསོལ་མགྲོན་ཁང་ཆེན་མོ། གཡུང་དྲུང་མགྲོན་ཁང་བཅས་ནས་གཙོ་ཚང་དགོན་པར་རོགས་རམ་བྱས་ཏེ་ཚོགས་མི་བཞུགས་ས་བཀོད་སྒྲིག་བྱས།༽
ཚེས་༧ཉིན་གྱི་ཞོགས་པའི་ཆུ་ཚོད་༩:༠༠སྟེང་། གཙོ་ཚང་དགོན་པའི་མཐོང་གྲོལ་གསེར་གདུང་ཆེན་མོ་གཙུག་ལག་འོད་སྣང་འབར་བའི་སྒོ་འབྱེད་དང་རབ་གནས་ཀྱི་མཛད་སྒོ་སྤེལ་བ་དང་ཆབས་ཅིག གསེར་གདུང་ལྷ་ཁང་ཆེན་མོའི་ཁྱམས་ར་ནས། ཐེ་བོའི་གླུ་བ་མིང་གྲགས་ཅན་རྡོ་རྗེ་བཀྲ་ཤིས་དང་བུ་མོ་ལྕགས་སྨན་གཉིས་ནས་མདོ་འཛིན་བྱས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གསེར་གདུང་ལྷ་ཁང་སྒོ་འབྱེད་ཀྱི་གསུང་བཤད་གནང་། གཙོ་ཚང་དགོན་པའི་མཁན་པོ་ཚེ་དབང་རིག་འཛིན་གྱིས་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་གསུང་བཤད་གནང་། སྤྲུལ་སྐུ་བསྟན་པ་རབ་རྒྱས་ཚང་གིས་བོད་རྒྱ་སྐད་གཉིས་ཐོག་ནས་གསུང་བཤད་གནང་། གཙོ་ཚང་དགོན་པའི་ཀྲུའུ་རེན་དགེ་བཤེས་ལེགས་བཤད་རྒྱ་མཚོས་ཐེ་བོ་ཁོག་དང་གཙོ་ཚང་དགོན་པའི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་། དགོན་པའི་ལྷ་སྡེ་རུ་ཆེན་གསུམ་གྱི་འཐུས་ཚབ་པ་ཁྱི་ཕྲུག་ནས་གཏམ་བཤད། མཐར་དགོན་པའི་སྦྱིན་བདག་རྣམས་ལ་བཀའ་དྲིན་ལེགས་སྐྱེས་བྱིན་པ་བཅས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པའི་དྲན་རྟེན་མཉམ་པར་བླངས།
ཕྱི་དྲོའི་ཆུ་ཚོད་༢:༣༠སྟེང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དངོས་སུ་འཚོགས། འཚོགས་གནས། གཙོ་ཚང་དགོན་གསེར་གདུང་ལྷ་ཁང་ཆེན་མོའི་སྒོ་ཁྱམས་ཉིས་ཐོག་ཡིན་ལ། གཡུང་དྲུང་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཚོགས་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་མདོ་འཛིན་གནང་ཞིང་། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་ཚོགས་འདུའི་དབུ་ཚུགས་མཛད་སྒོའི་གསུང་བཤད་གལ་ཆེན་གནང་། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ལོ་གཅིག་གི་བྱ་བའི་སྙན་ཞུ་ཕུལ། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོའི་འགན་འཛིན་ཚན་ཆུང་གི་འགན་འཛིན་པ་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས་དང་། རྔ་བ་སྣང་ཞིག་དགོན་ཆེན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་རྫ་ཚེ་དབང་བསྟན་འཛིན་རྣམ་གཉིས་ནས་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་སྐབས་གཉིས་པའི་བཀོད་སྒྲིག་སོགས་ཀྱི་ཐད་ནས་གསུང་བཤད་གནང་།
ཕྱི་དྲོའི་དུས་ཚོད་དེ་ལ། གསེར་གདུང་ལྷ་ཁང་ཆེན་མོའི་ཁྱམས་ར་ནས། དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ་རིན་པོ་ཆེ་དང་དགའ་མལ་དགོན་ཆེན་གྱི་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ་རིན་པོ་ཆེ་རྣམ་པ་གསུམ་གས་རིམ་བཞིན་ཐེ་བོ་ཁོག་གི་དད་ལྡན་མང་ཚོགས་ལ་བཀའ་སློབ་ཟབ་རྒྱས་གནང་། མཚན་མོར་འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་ནས་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གིས་མདོ་འཛིན་གནང་སྟེ་མདོ་དབུས་ཁམས་གསུམ་ནས་བཏུས་པའི་བོན་དེབ་སྣ་མང་ལ་སྤྱན་གཟིགས་དང་རྒྱུན་ལས་ཚོགས་འདུའི་དགོངས་དོན་ཐད་ལ་གྲོས་བསྡུར་གནང་།
ཚེས་༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༩:༠༠སྟེང་གཙོ་ཚང་དགོན་གསེར་གདུང་ལྷ་ཁང་ཆེན་མོའི་སྒོ་ཁྱམས་ཉིས་ཐོག་ནས། སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་བསྒྲུབས་ནས་བགྲང་བྱ་བརྒྱད་ཅུར་སོན་པའི་བསྟན་འཛིན་སྐྱེས་ཆེན་ཁག་༼ ༡ ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག ༢ གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག ༣ མ་ཧཱ་པཎྜི་ཏ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག ༤ བསླབ་གསུམ་ནོར་བུའི་མཛོད་འཛིན་སྨྲ་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག ༥ མཁས་པའི་དབང་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག ༦ ལུང་རིགས་སྨྲ་བའི་དབང་པོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་མཆོག ༧ ངུར་སྨྲིག་འདུལ་བའི་མཛོད་འཛིན་མཁན་པོ་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག ༨ བསྟན་འགྲོར་སྨན་པའི་མཛད་རྗེས་བླ་ན་མཐོ་བའི་དབང་ལྡན་ཞུ་སྲས་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་བཅས་རྣམ་པ་བརྒྱད།༽ ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་འབུལ་བའི་ཚོགས་འདུ་འཚོགས་ཤིང་། དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུས་མདོ་འཛིན་དང་། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ལེགས་སྐྱེས་རེ་རེ་བཞིན་གནང་།
སྐབས་དེར་གསེར་གདུང་ལྷ་ཁང་ཆེན་མོའི་ཁྱམས་ར་ནས་དད་ལྡན་མང་ཚོགས་ལ། ཚོགས་གཞོན་སྤྲུལ་སྐུ་པད་མ་རིན་ཆེན་མཆོག་གིས་གཡུང་དྲུང་བོན་ཞི་བདེ་སྨོན་ཆེན་མོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་། ལེགས་ལུང་གཙོ་ཚང་དགོན་པའི་སྤྲུལ་སྐུ་བསྟན་པ་རབ་རྒྱས་ལ་དགོན་བདག་བླ་མའི་ཁྲི་བཞེངས་ཁ་བཏགས་བཏང་།
སྔ་དྲོའི་ཆུ་ཚོད་༡༠:༠༠སྟེང་གཙོ་ཚང་དགོན་གསེར་གདུང་ལྷ་ཁང་ཆེན་མོའི་མདུན་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་རྒྱུན་ལས་ལས་འཛིན་པ་ཡོངས་ཏེ་བླ་མ་དང་དགེ་བཤེས། མཁན་པོ་དང་མཁན་མོ། གྲྭ་བ་དང་བཙུན་མ། གསང་སྔགས་རིག་པ་འཛིན་པའི་སྡེ་དང་བཅས། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་དངོས་སུ་འཚོགས་ནས་ཞི་བདེ་སྨོན་ལམ་ཆེན་མོའི་ཞལ་འདོན་ནང་ལྟར་འདོན་པ་གསུངས།
ཕྱི་དྲོའི་ཆུ་ཚོད་༢:༠༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བླ་སྤྲུལ་སྐྱེས་ཆེན་ཁག་ནས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་།
ཆུ་ཚོད་བཞི་བའི་སྟེང་། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཆེས་ཐོག་མའི་དཔེ་རྙིང་སོར་བཞག་དེབ་གཟུགས་པར་བསྐྲུན་འགྲེམ་སྤེལ་དང་དཔེ་སྦྱིན་མཛད་སྒོ་སྤེལ་བ་སྟེ། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་གསུང་བཤད་གནང་། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་པར་བསྐྲུན་གྱི་སྤྱི་ཁྱབ་འགན་འཛིན་པ་རག་ཤི་ཀུན་གསལ་སྙིང་པོ་ནས་བཀའ་འགྱུར་ཆེན་མོ་དཔེ་རྙིང་སོར་བཞག་གིས་པར་བསྐྲུན་བྱེད་དགོས་པ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་། གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་གི་འགན་ཁུར་བ་གཡུང་དྲུང་རབ་གསལ་ནས་བཀའ་འགྱུར་ཆེན་མོའི་ལས་ཀའི་བརྒྱུད་རིམ་སྐོར་སྙན་ཞུ་ཕུལ། དེ་ནས་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། སྐྱང་སྤྲུལ་དྲི་མེད་འོད་ཟེར། རག་ཤི་ཀུན་གསལ་སྙིང་པོ་རྣམས་ཀྱིས་བཀའ་འགྱུར་ཆེན་མོའི་དབུ་འབྱེད་གནང་། དེ་ནས་གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་། ༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་ལ་བཀའ་འགྱུར་གྱི་པར་ཕུད་འབུལ་བ་བྱས། གདན་ས་གོང་འོག་བར་གསུམ་གཙོས་པའི་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཁག་ལ་བཀའ་འགྱུར་ཕུལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རག་ཤི་ཀུན་གསལ་སྙིང་པོ་མཆོག་གི་མཛད་བཟང་ལ་ལེགས་སྐྱེས་གནང་། གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་ལའང་ལེགས་སྐྱེས་གནང་། ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་བ་དང་། དྲན་རྟེན་མཉམ་པར་སྒྲོན་པ་བཅས་སོ།།༼གནས་ཚུལ་ཞིབ་རྒྱས་ཟུར་དུ་འགོད་རྩིས་ཡོད།༽
མཚན་མོར་འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས། ཚོགས་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་གྱིས་མདོ་འཛིན་དང་། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཆུང་གི་ཚན་གཙོ་སྤྲུལ་སྐུ་པད་མ་རིན་ཆེན་དང་། གངས་ལྗོན་དྲ་བའི་འགན་འཛིན་ཚན་ཆུང་གི་རྩོམ་སྒྲིག་པ་རིན་སྤུངས་ཚུལ་བསྟན། གངས་ལྗོངས་བོན་དཔྱད་དེབ་འགན་འཛིན་ཚན་ཆུང་གི་ཚན་གཙོ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རྣམ་པ་གསུམ་ནས་གསུང་བཤད་གནང་བ་དང་འབྲེལ། ཚོགས་ཞུགས་པ་ཡོངས་ཀྱིས་གནད་ཆེའི་བྱ་བའི་སྐོར་ལ་གྲོས་བསྡུར་གནང་། ལྷག་དོན་དུ་མཚན་མོ་འདིའི་གྲོས་ཚོགས་སྟེང་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་ལན་ཀྲུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འབུམ་རམས་པ་ངག་དབང་རྒྱ་མཚོ་མཆོག་སྐུ་དངོས་སུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་།
ཚེས་༩ཉིན་གྱི་ཞོགས་པའི་ཆུ་ཚོད་༨:༠༠སྟེང་ལེགས་ལུང་གཙོ་ཚང་དགོན་པ་དང་ལྷ་སྡེའི་མང་ཚོགས་ཀྱིས་བསྐྱེལ་མ་དང་། རྒྱལ་མྱིའི་རྩྭ་རིང་དགོན་པ་དང་ལྷ་སྡེའི་མང་ཚོགས་ཀྱིས་བསུ་མ་བྱས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་ཡོངས་རྫོགས། གནས་ཆེན་དམུ་རིའི་འདབས་ཀྱི་རྒྱལ་མྱིའི་རྩྭ་རིང་དགོན་དུ་ཕེབས་ནས་ཚོགས་ཆེན་འདུ་ཁང་ནང་ལ་རབ་གནས་མཛད་པ་དང་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་།
སྔ་དྲོའི་ཆུ་ཚོད་༡༡:༢༥སྟེང་ཚོགས་མི་ཡོངས་དམུ་རི་སེང་གེ་རྫོང་གི་གནས་མདུན་དུ་ཕེབས་ནས་ལྷ་བསང་བཏང་བ་དང་དམུ་རིའི་བསང་ཡིག་བཏོན་ནས་གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་གསུངས། ཕྱིར་རྩྭ་རིང་དགོན་དུ་ཕེབས་ནས་གུང་ཇ་བཞེས་ཤིང་ཚོགས་གཙོ་རིན་པོ་ཆེས་གསུང་བཤད་གལ་ཆེན་གནང་།
དེ་ནས་འཆར་ར་དགོན་དུ་ཕེབས་ནས་ཚོགས་གཙོ་རིན་པོ་ཆེས་གསུང་བཤད་གནང་ཞིང་དགོན་པའི་རྟེན་དང་བརྟེན་པ་བཅས་ལ་རབ་གནས་མཛད། དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་། དེ་ནས་མདོ་སྨད་ཕྱོགས་ཀྱི་གནས་རི་འགངས་ཆེན་ཏེ། གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་འདབས་རོལ། འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་གྱི་སྦྱིན་བདག ཐེ་བོ་ཕྱོགས་ཀྱི་ཚོང་རམས་པ་གྲགས་ཆེན་ཚེ་དབང་རྡོ་རྗེའི་ཕ་ཡུལ་དང་ཤིན་ཏུ་ཁད་ཉེ་བའི་ས་ལ། གཡུང་དྲུང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུགས་བཀོད་ལྟར་ཚོང་རམས་པ་ཚེ་དབང་རྡོ་རྗེ་མཆོག་གིས་མཆོད་རྟེན་ཆེན་པོ་ཞིག་བཞེང་རྒྱུའི་ས་འདུལ་རྨང་བཏིང་གི་ཐོག་མའི་མཛད་སྒོ་རུ་ལྷ་བསང་གཏོང་བ་དང་སྨོན་ལམ་གསུངས་ནས་བཀྲ་ཤིས་རབ་གནས་མཛད། དགོང་ཁར་ཚོང་རམས་པ་ཚེ་དབང་རྡོ་རྗེའི་ཁྱིམ་ནང་དུ་མཉམ་འབྲེལ་ལྷན་ཚོགས་གདན་འདྲེན་ཞུས་ཏེ་ནུབ་ཚ་དྲངས་ནས་ཕྱིར་ཐེ་བོ་རྫོང་མཁར་འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་དུ་ཕེབས།
ཚེས་༡༠ཉིན་གྱི་ཞོགས་པའི་ཆུ་ཚོད་༩:༠༠སྟེང་འགོ་རྗེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་དུ་རྒྱུན་ལས་ལས་འཛིན་གྲོས་ཆོད་གཏན་འབེབས་ཚོགས་འདུ་འཚོགས། ཕྱི་དྲོའི་ཆུ་ཚོད་༢:༣༠སྟེང་ཚོགས་མི་རྣམས་ལེགས་ལུང་གཙོ་ཚང་དགོན་པའི་གླིང་བསྐོར་དུ་ཕེབས་ནས་རབ་གནས་མཛད་པ་དང་།
སླར་གསེར་གདུང་ལྷ་ཁང་ཆེན་མོའི་སྒོ་ཁྱམས་ཉིས་ཐོག་ནས་སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མས་མདོ་འཛིན་བྱས་ཏེ། རྒྱུན་ལས་ལས་འཛིན་ཚོགས་འདུ་མཇུག་བསྡོམས་ཀྱི་ཚོགས་འདུ་འཚོགས། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་གྲོས་ཆོད་གསལ་བསྒྲགས་གནང་།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེ་བོ་ལེགས་ལུང་གཙོ་ཚང་དགོན་པར་ལེགས་སྐྱེས་གནང་བ་དང་། ཐེངས་འདིའི་འགན་ཁུར་བ་ཐེ་བོ་གཙོ་ཚང་དགོན་པས་ཐེངས་རྗེས་མའི་ཚོགས་འདུའི་འགན་ཁུར་བ་རྔ་བ་སྣང་ཞིག་དགོན་ཆེན་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་སོགས་བརྒྱུད་སྤྲོད་བྱས། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ་དང་། ཚོགས་མི་ཡོངས་རྫོགས་བཞེངས་ནས་བསྟན་རྒྱས་སྨོན་ལམ་གསུངས་ཏེ་ཐེངས་འདིའི་གྲོས་ཚོགས་མཇུག་བསྒྲིལ་བའོ། །
ཞེས་ཚོགས་འདུའི་གནས་ཚུལ་མདོར་བསྡུས་ཙམ་ཞིག་སྙན་བཟང་བསོད་ནམས་གཡུང་དྲུང་གིས་མགྱོགས་བྲིས་བྱས་པ་དགེ་ཞིང་བཀྲ་ཤིས་སོ།།