སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དཔེ་སྐྲུན་བཞུཊ་མོལ་ཚོགས་འདུ།
[ཟླ་ཚེས། 2017-11-26 16:33:25][རྩོམ་པ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
སྤྱི་ཟླ་༡༡པའི་ཚེས་༢༦ཉིན་གྱི་སྔ་དྲོར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་སྒྱུར་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》གྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས།
ཐེངས་འདིའི་ཚོགས་འདུའི་ཐོག་གཡུང་དྲུང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་། ཚོགས་གཞོན། དྲུང་རྒན་གཞོན། དྲུང་ཡིག་པ། རྒྱུན་ལས་ལས་འཛིན་མི་སྣ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་འགྲུབ་ལྷ་རྒྱལ་གཙོས་པའི་གདན་ཞུའི་ཆེད་མཁས་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་དང་ཚེ་བརྟན་སྐྱབས། ཤར་བ་ཐོགས་མེད། གཙུག་ཏོར་རྒྱལ་བཅས་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། དེ་བཞིན་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཡོངས་བཅས་ཁྱོན་མི་གྲངས་དྲུག་ཅུ་ལྷག་མཉམ་ཞུགས་གནང་ཡོད་ལ། ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་གསུང་བཤད་གནང་བཞིན་པ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།
ཚོགས་འདུའི་ཐོག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས། དེང་གི་ཆར་རིག་གནས་ཀྱི་ཡིད་ཆེས་ཞེས་ཕྱོགས་ཡོངས་ནས་མི་རིགས་རིག་གནས་ལ་མི་རིགས་རང་གིས་ཡིད་ཆེས་དང་སྲུང་སྐྱོབ། དར་སྤེལ་གཏོང་བཞིན་པའི་སྐབས་འདིར། 《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》དཔེ་སྐྲུན་བྱས་པ་ནི་ངེད་ཅག་རང་གི་རིག་གནས་ལ་རང་ཉིད་ཡིད་ཆེས་དང་བློ་གདེང་རྙེད་པའི་སྔ་ལྟས་ཤིག་ཡིན་པས། ང་ཚོའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱ་ཆེའི་དད་ལྡན་པ་ཡོངས་ལ་མཚོན་ནའང་བཀྲ་ཤིས་པའི་གཏམ་བཟང་ཤིག་རེད་ཅེས་གསུངས།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གསུང་བཤད་གནང་བཞིན་པ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས། ང་ཚོས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་མཉམ་《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》འདི་ཉིད་དཔེ་སྐྲུན་འགྲེམ་སྤེལ་བྱས་པར་དགའ་ཚོར་ཆེན་པོ་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ད་ལྟའི་བར་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱ་བར་བྱས་རྗེས་བླ་མེད་བཞག་ཡོད་ཅེས་གདེང་འཇོག་གནང་ཞིང་། ད་ལམ་དཔེ་སྐྲུན་བྱས་པའི་ཞལ་འདོན་འདིའི་མཚན་བྱང་ལ་《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》ཞེས་བཏགས་པའི་རྒྱུ་མཚན་འགྲེལ་བརྗོད་གསལ་པོར་གནང་སོང་། དེ་ནས་དེབ་འདིའི་རྩོམ་སྒྲིག་ཚན་ཆུང་གི་འགན་འཛིན་པ་ཐར་བདེ་ཚེ་དབང་འཇིགས་མེད་དང་། རྩོམ་སྒྲིག་ཚན་ཆུང་གི་མི་སྣ་རྟོགས་ལྡན་བསྐལ་ཁོ་རྣམ་གཉིས་ཀྱིས་གསུང་བཤད་གནང་།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
དེ་ཡང་རྒྱལ་སྤྱི་དང་རྒྱལ་ནང་གང་སར་བོད་ཀྱི་མེས་པོའི་རིག་གཞུང་དང་། ལོ་རྒྱུས། ཆོས་ལུགས་བཅས་ཀྱི་སྐོར་ལ་ཆུ་འགོ་གངས་གཏུགས་ཀྱི་དཔེ་བཞིན་ཡ་ཐོག་ཞང་ཞུང་དང་བོན་གྱི་རིག་གནས་ལ་སྔར་ལས་ལྷག་པའི་དོ་སྣང་དང་། བགྲོ་གླེང་། ཞིབ་འཇུག་སོགས་བྱས་དང་བྱེད་ཀྱིན་པའི་དུས་འདིར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་ཕྱིར་༡༩༩༩ལོར་དཔེ་སྐྲུན་བྱས་པའི་བོན་གྱི་ཞལ་འདོན་ཕྱོགས་བསྒྲིགས་རྒྱ་འགྱུར་མ་དེ་གཞིར་བཟུང་སྟེ། བོན་གྱི་ཐ་སྙད་རྒྱའི་ཡིག་ཐོག་ཏུ་ཕབ་བསྒྱུར་གཏན་འབེབས་བྱ་བའི་ཚོགས་འདུ་ཐེངས་དྲུག་འཚོགས། དེ་ཡང་ལོ་ངོ་དྲུག་བདུན་ཙམ་གྱི་རིང་ལ་བོད་རྒྱ་སྐད་གཉིས་སྨྲ་བ་མང་པོ་ཞིག་ལྷན་དུ་འཛོམས་ཏེ་བོན་གཞུང་གི་ཐ་སྙད་རྣམས་ལེགས་པར་གཏན་ལ་ཕབ་ཅིང་། སྔར་ཡོད་བོན་གྱི་ཞལ་འདོན་ལ་འཕྲི་སྣོན་དང་ཞུ་དག་ཞིབ་པར་མཛད་ཡོད་སྟབས། ད་རེས་གྱི་ཞལ་འདོན་ཉུང་བསྡུས་འདི་ཉིད་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་མིག་སྔར་བོད་ཀྱི་ཞལ་འདོན་རྒྱ་འགྱུར་མ་ལེགས་ཤོས་ཤིག་ཏུ་བརྩི་ཆོག
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
༢༠༡༦ལོའི་ཟླ་༡༢པའི་ཚེས་༢༩ཉིན། བོན་གྱི་ཐ་སྙད་རྒྱའི་ཡིག་ཐོག་ཏུ་ཕབ་བསྒྱུར་གཏན་འབེབས་བྱ་བའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》ཞེས་པའི་མཚན་བྱང་གཏན་ཁེལ་གནང་།དེབ་འདིའི་ནང་དོན་ཐད་ནས་སྒོ་སྟོན་ཉི་མ་རྒྱལ་མཚན་གྱིས་མཛད་པའི་མཉམ་མེད་བླ་མའི་གསང་སྒྲུབ། གཉེན་སྤྲུལ་ཐུགས་རྗེ་ཉི་མས་མཛད་པའི་མཉམ་མེད་བླ་མའི་གསང་སྒྲུབ་ཀྱི་བསྐང་བ། ཀུན་མཁྱེན་ཉི་མས་མཛད་པའི་མཉམ་མེད་བླ་མའི་བླ་མ་རྒྱང་འབོད་ཐུགས་རྗེས་མྱུར་གཟིགས། གཡང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བློ་ལྡན་གྱིས་མཛད་པའི་བྱམས་མའི་གཡང་འབོད། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ཐོས་གྲོལ་བསྡུས་པ། རྗེ་གུར་ཞོག་པ་ལྷ་རི་གཉན་པོས་མཛད་པའི་བར་དོའི་གསོལ་འདེབས། མདོ་ལས་བྱུང་ཞིང་དབྲ་སྟོན་པས་གུད་དུ་ཕྱུང་བ་སྤྱི་རྒྱུགས་མཆོད་པ་རྣམ་ལྔ་སོགས་རྒྱུན་མཁོའི་ཞལ་འདོན་རྣམས་གཅིག་ཏུ་བསྡུས་ཡོད་ལ། ད་དུང་རྒྱ་ནག་གི་དད་ལྡན་སློབ་མ་རྣམས་ལ་དམིགས་ཏེ་བོན་གྱི་རྒྱུན་མཁོའི་ཞལ་འདོན་གྱི་གོ་རིམ་དང་དཀར་ཆག་ཟུར་དུ་གསལ་ཡོད། དེབ་ཀྱི་མཇུག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ངོ་དུ་མའི་རིང་དཀའ་སྤྱད་འབད་བརྩོན་བགྱིས་ནས་བོན་གྱི་ཐ་སྙད་རྒྱ་འགྱུར་གཏན་འབེབས་བྱས་པའི་མ་ཕྱི་ཁག་ཀློག་པ་པོ་ཡོངས་ལ་སྤྱན་འབུལ་ཞུས་ཡོད།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》ནི་བགྲང་བྱ་སྟོང་ཕྲག་དུ་མའི་རིང་གི་གཡུང་དྲུང་བོན་གྱི་སྐྱེས་ཆེན་དམ་པ་མང་པོའི་ཉམས་རྟོགས་ཀྱི་གྲུབ་འབྲས་གཅིག་ཏུ་དྲིལ་བའི་ཤེས་རིག་གི་ཉིང་བཅུད་ཡིན་གཤིས། བོད་ཀྱི་གཡུང་དྲུང་བོན་ལ་ཐོས་བསམ་སློབ་གཉེར་བྱ་རྒྱུར་མེད་དུ་མི་རུང་བའི་དཔྱད་གཞི་གྱུར་ཡོད་ལ། སྔོན་བྱོན་མེས་པོའི་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་ཞལ་འདོན་འདི་ཉིད་རྒྱ་འགྱུར་མཛད་པ་ཡིས་རྒྱ་རིགས་སྤུན་ཟླའི་ཀློག་པ་པོ་དག་ལ་མཐུན་རྐྱེན་གང་ལེགས་སྦྱར་ཡོད་དོ། །
མཇུག་མཐར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ལས་སྒྲུབ་པ་ཡོངས་དང་《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》གྱི་རྩོམ་སྒྲིག་ཚན་ཆུང་གི་མི་སྣ་ཡོངས་ལ་བཀའ་དྲིན་ལེགས་གསོལ་གྱི་དར་དཀར་སྒྲོན་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཚོགས་ཞུགས་མི་སྣ་རེ་ལ་《རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས》པོད་བཅུའི་བདག་ཉིད་ཅན་རེ་ལེགས་སྐྱེས་སུ་ཕུལ། དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་ནས་གསུང་བཤད་གནང་སྟེ་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས་སོ། །
ཚོགས་བཅར་པ་ཡོངས་ཀྱི་མཉམ་པར།
འགྲེམ་སྤེལ་མཛད་སྒོའི་རྒྱ་ཡིག་གནས་ཚུལ་གཟིགས་འདོད་ན་གཤམ་གྱི་རྒྱ་ཡིག་སྣོན་རོགས།
《雍仲本教颂词精选》出版座谈会在成都隆重举行