སྦྲ་ཆེན་ལུང་དཀར་དགོན་དུ་༧རྗེ་སྨན་རིའི་ཁྲི་འཛིན་མཆོག་ལ་གདུང་མཆོད་ཕུལ་བའི་ལས་རིམ།

[ཟླ་ཚེས། 2017-11-05 20:07:04][རྩོམ་པ་པོ། བཤད་སྡེའི་ལས་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171105193112.jpg

       བོད་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དང་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་རྒྱལ་བ་གཤེན་རིན་པོ་ཆེ་མཆོག་ནས་གསུང་གི་བཀའ་མངགས་ལྟར་དུས་ངན་སྡུག་གི་མུན་པ་འཁྲིགས་པའི་ཉིན་མོ་2017/9/14ཞྭ་དཀར་བསྟན་པའི་ཀ་ཆེན་གཡུང་དྲུང་བོན་པོའི་སྲོག་འཛིན་༧དཔལ་རྒྱལ་བ་སྨན་རི་བའི་ཞལ་ཚབ་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ཞིང་ཁམས་གཞན་དུ་གཤེགས་པར་ཡིད་སྐྱོ་བའི་གནས་ཚུལ་ཐོས་འཕྲལ་ངེད་ལུང་དཀར་དགོན་དཔལ་གཤེན་བསྟན་རིན་ཆེན་གླིང་གི་བླ་སློབ་འདུས་པ་ཡོད་ཚད་སྐྱོ་གདུང་མིག་ཆུས་ལུས་སེམས་ཡོངས་སུ་བརླན་ཏེ་གནོན་མི་ཐུབ་པའི་ཚོར་བ་བཅས་ཏེ་མ་བསྐུལ་དང་བླངས་གཙང་མས་མགོན་པོ་གོང་དེའི་དགུང་ཞག་མ་ཚང་བར་དུ་ཤ་མི་ཟ་བ་དང་། བོན་སྐུ་སྨོན་ལམ་དང་མཉམ་མེད་བླ་མ་རྒྱང་འབོད། བསྟོད་པ་རྣམ་རྒྱལ་ཁང་བཟང་ཁོང་ཉིད་ཀྱི་གསོལ་འདེབས་སོགས་ཉིན་ཚར་བགྲང་རྒྱུ་བླ་མ་རིན་པོ་ཆེ་དང་དགེན་ལགས་ཀྱི་སྤྱན་སྔ་རུ་གཡར་དམ་བཅས་པའི་དགེ་འདུན་གྲྭ་ཚང་འཚང་ཀ་ཤིག་གེར་གྱུར་ཤིང་དགོན་གླིང་ནང་ནུབ་ཡོངས་སུ་༧རྗེ་སྨན་རི་བའི་གདུང་འདེབས་མཆོད་པའི་དབྱངས་ཀྱིས་འགེངས་པར་བྱས།  

 微信图片_20171105193108.jpg微信图片_20171105193119.jpg

      འཕྲལ་གནས་གཞན་རྐྱེན་གྱིས་སྡེ་དགོན་མཉམ་འཛོམས་གདུང་འདེབས་ཟབ་རྒྱས་འབུལ་ཐབས་དབེན་ཡང་ལུང་དཀར་གཤེན་བསྟན་ལས་དོན་གྲོས་ཚོགས་མགྲིན་གཅིག་ཏུ་བཀའ་དྲིན་རྗེས་དྲན་གྱི་གདུང་འདེབས་མཆོད་འབུལ་རུ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཞལ་དབྱེ་སྟེ་མཆོད་སྤྲིན་རྒྱས་འབུལ་དགོས་པའི་སེམས་མདུན་གཅིག་ཏུ་གྱུར་པ་དང་། ལུང་དཀར་༧ཁྲི་འཛིན་རིན་པོ་ཆེ་ཚུལ་ཁྲིམས་འབྱུང་གནས་མཆོག་ཐུགས་ཕམ་ཚད་མེད་ངང་ནས་རང་ས་ཁོངས་འབྲོག་ཁུལ་དག་མ་ཡིན་སྟབས།  མགོན་པོ་གང་དེའི་གདུང་འདེབས་མར་མེ་ཁྲི་མཆོད་འབུལ་རྒྱུའི་མར་ཁུ་དང་ཚོགས་མཆོད་བཅའ་སྤྱད་ཆ་ཚང་རང་ས་རང་ཡུལ་ནས་ཐོན་པའི་འབྲི་མར་ལག་མར་དག་མ་བཞུ་བླུག་དགོས་པའི་བཀའ་གསུངས་གནང་བ་བཞིན་ཉིན་གསུམ་རིང་སྒོམ་གྲྭ་ཚང་གིས་འབྲི་མར་ལག་མར་སྤུས་གཙང་བཞུས་ཏེ་བཙགས་ཐག་ཆོད་པོར་བྱས་ཤིང་འབྲི་མར་ཞུན་མ་རྒྱས་འདོན་རྒྱག་པའི་དྭངས་གསལ་གསེར་མདོག་བརྒྱན་པའི་སྙིང་པོ་ཞུགས་མར་ཁྲི་མཆོད་ཅིག་བླུགས་པ་དང་གྲྭ་ཚང་བྱིང་ནས་གདུང་འདེབས་སྔོན་འགྲོའི་ཡོ་བྱད་གྱ་ནོམ་ཚང་པར་བསགས།   ཕྱི་ཉིན་ནས་བཤད་སྒྲུབ་སྒོམ་གསུམ་གྱི་དགེ་སློབ་མཉམ་འཛོམས་ཀྱིས་ཉིན་ཞག་གཉིས་རིང་སྟངས་བཞག་འཕྲིན་ལས་རིམ་པ་ཅི་རྒྱས་གང་རྒྱས་ཞི་ཁྲོ་གཉིས་ཀྱི་གཞུང་བསྲངས་ཞིང་འབྲི་མར་ལག་མར་གཙང་མའི་གསེར་འོད་འཕྲོ་བའི་ཞུགས་མར་སྣང་གསལ་མཆོད་པས་ཚོགས་ཁང་དང་མཆོད་མེ་ཁང་དུ་གང་བར་བསྒྲོན།   

 微信图片_20171105193043.jpg微信图片_20171105193123.jpg

      རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཞག་གསུམ་གྲོས་བཞིའི་ནུབ་མོར་སྐྱབས་རྗེ་ལུང་དཀར་ཁྲི་འཛིན་རིན་པོ་ཆེ་དབུས་བཞུགས་གནང་སྟེ།   སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་བླ་མ་མཆོད་པ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས་ཁུལ་དུ་ཕྱུང་བ་མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ་ཞེས་པ་སོགས་ཤོ་ལོ་གཉིས་པོ་ལན་གྲངས་དུ་མ་མྱ་ངན་སྐད་ཀྱི་དབྱངས་ལ་བསྐྱོན་ཏེ་དལ་བུར་གྱེར་བ་དང་། ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་དང་རྣམ་ལྔའི་སྨོན་ལམ་བོན་སྐུའི་སྨོན་ལམ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་གཙང་མ་བཤམས་ཏེ་གསོལ་བ་སྙིང་ནས་བཏབ་སྟེ་སྙན་པ་སྒྲ་ཡི་མཆོད་པ་རོལ་ཆ་མང་པོའི་གདངས་དང་གཤེན་རབ་མཆོད་རྔ་བརྒྱ་རྩ་བརྡུང་སྟེ་མཇུག་བསྡུས།   རྗེས་སུ་ཞུ་བ་ལ་དུས་ཀྱི་དགོས་དབང་ཞིག་གིས་རྐྱེན་པས་དུས་ཐོག་ཏུ་དྲྭ་ལམ་སྤེལ་རྒྱུ་མ་བྱུང་བར་གཟིགས་མོ་བས་དགོངས་བཞེས་གནང་རོགས་ཞུ།  ད་ལན་མགོན་པོ་དེ་ཉིད་གདུང་ཞག་ཞེ་དགུའི་དགོངས་རྫོགས་དུས་ཚིགས་ཁྱད་པར་ཅན་གྱི་བསོད་ནམས་ཚོགས་སུ་དམིགས་ནས་བཀོད་པ་ཡིན། བཤད་སྡེའི་ལས་ཚོགས་ནས།

微信图片_20171105193115.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།