བར་ཐའི་སྤྱི་རིམ་དང་འབྲེལ་༧རྗེ་སྨན་རི་བའི་གདུང་མཆོད་ཕུལ་བ།
[ཟླ་ཚེས། 2017-10-21 10:08:19][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྦྲ་ཆེན་ཡེ་སྟོད་བར་ཐའི་སྲོལ་རྒྱུན་ཀུན་ཕན་བོན་གྱི་སྤྱི་རིམ་ཆེན་མོ་དང་འབྲེལ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་གདུང་མཆོད་ཕུལ་པའི་གནས་ཚུལ་མདོར་བསྡུས།
འཇིག་རྟེན་མིག་གིས།
སྲོལ་རྒྱུན་སྤྱི་ཡི་རིམ་གྲོ་རླབས་པོ་ཆེའི།།
སྔར་སྲོལ་ད་གནས་ཡེ་ཆུ་སྔོན་མོའི་རྒྱུན།།
ཤེས་དམན་བདག་གི་བློ་ཡི་ཡོལ་ཀོ་རུ།།
ཆུ་ཐིག་ཙམ་ཞིག་བྲིས་པའི་ཁུར་བགྱིས་སོ།།
ལུང་ལས“ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར།”ཞེས་པ་ལྟར། ཡེ་སྟོད་བར་ཐའི་སྲོལ་རྒྱུན་ཀུན་ཕན་བོན་གྱི་སྤྱི་རིམ་ཆེན་མོ་འདི་ནི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་ཞིང་། ལྷག་པར་དུ་སྤྱི་ལོ། 1987 ལོར་སླར་ཡང་ཉམས་གསོ་གནང་སྟེ་ད་བར་མི་ལོ་ཧྲིལ་པོ་སུམ་ཅུ་ལྷག་གི་རིང་དུ་ལོ་ལྟར་སྤྱི་རིམ་བོན་སྐྱོང་རྒྱས་སྒྲུབ་དང་། སྟག་ལའི་ལས་མཐའ། གདུགས་དཀར་སྟོང་ཟློག རྣམ་རྒྱལ་སྟོང་མཆོད། ཉེ་ལམ་སྡེ་བཞི་སོགས་རྒྱུན་ཆད་མ་མྱོང་ཞིང་། ད་དུང་ཟུར་དུ་ལོ་ལྟར་ལྷ་བླའི་མོ་ལུང་གནད་དམིགས་ཀྱི་སྐུ་རིམ་གང་མང་ཞིག་བསྒྲུབ་དང་སྒྲུབ་བཞིན་ཡོད། །མཛོ་མཐོ་བའི་ཁར་ལ་རབ་སྒ་ཞེས་པ་ལྟར་དུ། མ་འོངས་པ་སྦྲ་ཆེན་གྱི་ལུང་པར་སྲོལ་རྒྱུན་རིག་གནས་དར་སྤེལ་དང་བར་ཐ་ཤོག་ཁའི་སྤྱི་རིམ་ཇེ་རྒྱས་ཇེ་ཡག་ཏུ་འགྲོ་རྒྱུར་དམིགས་ཏེ། ཉེ་སྔོན་2014 ལོ་གྲོང་ཚོའི་འགོ་དམངས་རྣམས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས ༧ དགེ་རྒན་རྣམ་པ་དྲུག་བཀོད་བཞག་གནང་སྟེ་སྤྱི་རིམ་གཙོ་བོའི་འགན་ཁུར་དང་། རྐང་འཛིན་ན་ཆུང་ཕོ་མོ་རྣམས་ལ་སྤྱིར་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་དང་སྒོས་སུ་བོན་གཤེན་རྣམས་ལ་རང་རེའི་གཡུང་དྲུང་བོན་གྱི་རྒྱལ་བ་བྲུ་ཡི་རིང་ལུགས་ཆོ་ག་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ། གཏོར་བཅའ་མར་བཟོ། ཐིག་རྡུལ་ཚོན། ཡིག་གཟུགས་སོགས་ལོ་ལྟར་ཟླ་བ་གཅིག་ནས་གཉིས་བར་ཆོལ་གསུམ་ཁྱད་མེད་དང་ཡུལ་ལུང་དབྱེར་མེད། མདོར་ན་རིག་གནས་ལ་ཤ་ཞེན་ཡོད་ཚད་རིས་མེད་ཀྱི་སྒོ་ནས་འཁྲིད་རྒྱུ་གྲོས་ཆོད་གཏན་ཁེལ་བྱུང་། །སྔར་སྲོལ་རྒྱུན་ལྡན་ལྟར། །
ཧོར་ཟླ་ ༨ པའི་ཚེས ༡༩ སྤྱི་ལོ 2017ཟླ་བ 9པའི་ཚེས 10 ཉིན་བར་ཐའི་ཀུན་ཕན་བོན་གྱི་སྤྱི་རིམ་སྐབས་སོ་དྲུག་པ་མམ་མདའ་ཀླུ་ཡི་ཕོ་བྲང་དུ་ཚོགས། གུར་ཆེ་མོ་མཐོང་བ་ཡིད་འཕྲོག་དང་དགེ་རྒན་གཟིམ་གུར། གྲོང་དཔོན་གཟིམ་གུར། བོན་གཤེན་རྣམས་ཀྱི་གཟིམ་གུར་སོགས་གུར་ཆེ་ཆུང་སྣ་ཚོགས་ཕུབ་སྟེ་དངོས་སུ་སྒར་ས་བརྒྱབ། སྤྱི་ཚེས 11 ཉིན་ཞོགས་པའི་ཕྱག་ཚོད་བདུན་པ་ནས་སྤྱི་རིམ་དངོས་སུ་དབུ་ཚུགས་ཤིང་ལོ་རེའི་བཀོད་བཞག་ཡོད་པའི་སྤྱི་རིམ་ཚོགས་ཆེན་འགན་འཛིན་དྲུག་གིས་གཙོ་འགན་བཞེས་ཏེ་བོན་གཤེན་བདུན་ཅུ་ལྷག་བཅས་གཏོར་མ་བཅའ་འགོ་བརྩམས་ཏེ། གསོལ་ཁ། གདུགས་དཀར། སྟག་ལ་སོགས་ཡི་དམ་གཏོར་མ་དང་། བཀའ་སྐྱོང་ཕོ་རྒྱུད་མོ་རྒྱུད་བོན་སྐྱོང་སྲུང་མ་རྣམས་ཀྱི་བསྐང་མདོས། སྟག་ལའི་ཕུང་འབར་ཟློག་པ་བྱད་ཟློག གདུགས་དཀར་ཟློག་པ། ཚོགས་དང་རྒྱུན་གཏོར་རྣམ་བརྒྱད་ཉ་བོ་སོགས་མདོར་ན་ཡར་གཞིའི་གཏོར་མ་རྣམས་ལ་དབུ་འཛིན་མཆོད་བཟོ་བ་རྣམས་ཀྱིས་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་སྲོལ་རྒྱུན་གྱི་རིན་ཐང་ལྡན་པའི་མར་རྒྱན་དང་མར་གཞིའི་མཆོད་པ་སོགས་ཡར་མཆོད་མར་སྦྱིན་གྱི་མཆོད་སྤྲིན་མ་ཚང་པ་མེད་པ་བཅའ་གཞི་ལེགས་པར་གྲུབ་པ་དང་། ཡར་གཞིའི་མདུན་དུ་མཛེས་པ་རྒྱན་ལྡན་གྱི་མཆོད་པ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་རྐང་བུ་དང་མཆོད་སྟེང་རྟགས་བརྒྱད་ནོར་བདུན་མཆོད་པ་རྣམ་ལྔ་སོགས་གཙང་ཞིང་ཡིད་ཏུ་འོང་བ་སྤུས་ཤིང་ལེགས་པར་ལྡན་པ་རྒྱུན་ལྡན་ལྟར་བཤམས་བདར་བྱས། རྣམ་རྒྱལ་སྟོང་མཆོད་ནི་ལུང་དཀར་བླ་གྲྭ་ལྔ་ཡིས་དབྱར་གཞུང་མམ་མཚོ་ཁར་དབྱར་རིམ་དུ་གྲུབ་ཟིན་ལ། ཚེས12ཉིན་ཞོགས་པའི་ཆུ་ཚོད་དྲུག་པའི་ཐོག་དུང་པ་བཞི་ཡིས་སྔར་རྒྱུན་ལྟར་ཚོགས་དུང་གཏོང་སྟེ། དབུ་མཛད་བོན་གཤེན་རྣམ་པས་བོད་ལྷྭམ་དང་བོན་ཞྭ་གཟན་སོགས་གསང་སྔགས་པའི་ཆ་ལུགས་འཛིན་ཏེ་ཚོགས་གདན་དུ་བླ་མ་དབུ་མཛད་རྣམས་རིམ་བཞིན་བཞུགས་སུ་གསོལ། དེ་ནས་ཚོགས་ཆེན་དབུ་མཛད་ཀྱིས་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་བདེ་ཆེན་རྒྱལ་པོ་དལ་བུས་དབྱངས་སུ་གྱེར་ཏེ་མཛད་པ་བཅུ་གཉིས་དང་། མཉམ་མེད་བསྟོད་ཕྱག་བདེ་ཆེན་ལྷུན་གྲུབ། སྨྲ་སེང་མཆོད་བསྟོད་སོགས་རིམ་བཞིན་དབུ་མཛད་དང་བོན་གཤེན་བདུན་ཅུ་ཡར་མས་ཤིག་གིས་འཚོགས་འདོན་རྒྱས་པ་གསུངས། དེ་ནས་རིམ་བཞིན་བོན་སྐྱོང་། སྟག་ལ། གདུགས་དཀར་བཅས་ཀྱི་སྔོན་འགྲོ་བུམ་བཀོད་དང་དངོས་གཞི་འཕྲིན་ལས་ཀྱི་གཞུང་བསྲང་།
སྤྱི་ལོ། ༢༠༡༧ལོའི་ཟླ་བ། ༩ ཚེས ༡༤ ཉིན་དྲྭ་ལམ་ཁག་ནས་རྒྱལ་གཤེན་བསྟན་པའི་ཀ་ཆེན་འགྱེལ་སོང་།། ཞྭ་དཀར་བོན་གྱི་མགོན་སྐྱོབས་བྱོན་སོང་།། གསེར་གྱི་ཉི་མ་ཞིག་ནུབ་རིར་བརྒལ་སོང་། །རྒྱལ་བ་སྨན་རི་མཁའ་སྤྱོད་གཤེགས་སོང་ཞེས་པའི་སྐྱོ་གཏམ་ཞིག་འཛམ་གླིང་གོ་ལའི་ཁྱོན་དུ་བདལ་བས་ ཞྭ་དཀར་བསྟན་པའི་གཙུག་རྒྱན་ཞིང་ཁམས་གཞན་དུ་གཤེགས་སུ་ཤོར་བ་ནི་གཡུང་དྲུང་བོན་ལུགས་འཛིན་པ་དང་། བོད་གངས་པ་ཅན་པ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡི་གྱོང་གུད་ཚབས་ཆེན་ཡིན་པས་ཆེས་ཐུགས་ཕམ་པའི་གནས་ཚུལ་འོག་འདིར་འཁོད་མགོན་པོ་གང་གི་ཐུགས་རྗེའི་སྐྱབས་འོག་པ་བོན་འབངས་ཀུན་ཀྱང་གདུང་ཤུགས་དྲག་པོའི་སེམས་ཀྱི་སྡུག་བསྔལ་དང་མྱ་ངན་གྱིས་ཚང་མར་གདོང་ལ་མཆི་མས་བརླན་ཞིང་། ཅི་བྱ་གཏོལ་མེད་དུ་གྱུར་ཡང་། ཡུལ་དུས་སྐབས་བསྟུན་དང་འཁོར་ཡུག་གི་ཆ་རྐྱེན་ལ་དཔག་པའི་གང་ཉིད་སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་དུ་མཆོད་པ་སྣ་ལྔ་སྤོས་མར་མེ་སོགས་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ་མཆོད་ཚོགས་རྒྱས་འབུལ་དང་དགོངས་རྫོགས་མཆོད་འབུལ་སོགས་གང་གྲུབ་གནང་ཞིང་ཉིན་ལྟར་འཚོགས་འདོན་དང་དགོང་འདོན་བསྟུན་ཏེ ༧ རྗེ་སྨན་རི་བའི་གསོལ་འདེབས་འགྲིན་དབྱངས་གཅིག་ཏུ་སྒྲིལ་ཏེ་གང་མང་བསགས་སྦྱོང་མཛད། །
དེ་ནས་སྤྱི་ཚེས28བར་དུ་༧དབུ་རི་བླ་ཆུང་མིག་དམར་རྒྱལ་མཚན་དབུ་བཞུགས་གནང་བ་དང་དབུ་མཛད་དྲུག་དང་བོན་གཤེན་བདུན་ཅུ་བརྒྱད་ཅུ་ཡར་མས་ཤིག་གིས་སྔར་སྲོལ་རྒྱུན་ལྡན་ལྟར་བོན་སྐྱོང་ཚོགས་སྟོང་ཚོ་དུ་མ་དང་སྟག་ལ་སྟོང་ཚོགས་གདུག་དཀར་སྟོང་ཟློག་སོགས་གསུངས། ཚེས 29 ས་བདག་ཉེ་ལམ་སྡེ་བཞིའི་བཅའ་གཞིའི་སྟ་གོན་མཛད་ཅིང་དབུ་མཛད་གཅིག་དང་བོན་གཤེན་ལྔ་ཡིས་དཀྱིལ་འཁོར་གྱི་ས་སློང་དང་མཚན་མ་རྡུལ་ཚོན་ས་ལ་ལག་གིས་བྲིས་ཤིང་བཅའ་གཞི་ཡོངས་སུ་ལེགས་པར་གྲུབ་སྟེ། རིམ་བཞིན་ཉེ་ལམ་སྡེ་བཞིའི་འཕྲིན་ལས་གསུང་བ་དང་གཞན་དབུ་མཛད་བོན་གཤེན་རྣམས་ཀྱིས་ཉིན་བཞི་ཡི་རིང་དུ་ ༧ རྗེ་སྨན་རི་བར་གདུང་འདབ་མཆོད་འབུལ་ཞི་ཁྲོ་ཁྲི་མཆོད་དུ་མ་གསུངས། མར་མེ་བླུག་མི་སོགས་བཀོད་བཞག་ཡོད་པའི་མཆོད་དཔོན་འགས་མར་མེ་འབུམ་ཚོ་གྲངས་མེད་སྤར་ཏེ་སྨན་རི་བའི་གསོལ་འདེབས་གྲངས་མེད་བསགས་སྦྱོང་གནང་། ཁྱད་པར་དུ་སྙིགས་དུས་ཀྱི་རྒུད་པ་སྣ་ཚོགས་ཞི་ཞིང་ས་ཡོམ། ཆུ་ལོག དབྱར་ཐན། དགུན་ཞོད་ནད་དང་མུག་གེ་སོགས་མི་མཐུན་བའི་འགལ་རྐྱེན་ཞི་ཞིང་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཏེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་སླད་དུ། །སྤྱི་སྤུངས་ལས་ཀྱི་འཕྱོང་ཆེན་སྡེ་དགུའི་ནང་ཚན་མཁའ་ཀློང་རམ་འབྱམས་གསང་བའི་མདོས་ཆེན་དཀའ་བའི་ལས་དང་དཀོན་པའི་རྫས་བསགས་ཤིང་།
སྤྱིར་ཤོག་ཁའི་འགོ་དམངས་དགེ་སློབ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་གནང་བ་དང་ལྷག་པར་དུ་དགེ་རྒན་རྣམ་པ་དྲུག་གིས་དཀའ་བ་དང་ལེན་དང་ལྗི་མོ་ཕྲག་ཏུ་ཁུར་ཏེ་ཉིན་གྱི་མི་དང་མཚན་གྱི་ཁྱི་ཞེས་པ་ལྟར་སྤྱི་ཟླ་དགུ་པའི་ཚེས་ 11 ནས་ ཕྱི་ཟླའི་༡༠ ཚེས་ 1 བར་དུ་དགེ་རྒན་རྣམ་པ་དྲུག་གིས་མཁའ་ཀློང་གི་ནམ་རྒྱང་ཤིང་རིས་མདོས་ར་བཤོམས། དར་རྒྱག་རྒྱུ་སོགས་མདོར་ན་ཉིན་ཉི་ཤུ་རྩ་གཉིས་རིང་དུ་མཁས་ཀློང་མདོས་ཀྱི་ཡོ་བྱེད་སྒྲུབ་ལ་ཕྱག་ལས་འབད་པར་བརྩོན་ཞིང་ཁོ་བོ་ཡང་དེའི་རིང་དུ་སྤྱིར་རིག་གནས་དང་ལག་རྩལ་ཞན་ནའང་གང་ནུས་ཞབས་ཕྱི་ཞུས་པ་ཡིན། གཞན་བོན་གཤེན་ཆེ་གྲལ་འགས་དུས་ཚོད་ཡོད་ཚད་བེད་སྤྱད་དེ་ཞབས་ཕྱི་གང་མང་ཞུས།
ཐོག་མར་ནམ་རྒྱང་འདྲེན་འགོ་བརྩམས་ཏེ། རྟག་ནམ་ཁྱུང་ནམ་ཙི་ཏ་གུར་ནམ་བོན་ཉིད་ཏོག་ནམ་རྒྱལ་མོའི་ཞལ་ནམ་ཆེ་མཆོག་ཞལ་ནམ་དུས་དྲུག་ཞལ་ནམ་ཁང་བཟང་ནམ་མཁའ་གཞན་ནམ་ཞིབ་བཞི་བརྒྱ་ལྷག་དང་རྒྱང་བུ་དང་རྒྱང་འཕན་བརྒྱ་ཕྲག་གྲངས་མང་ཞིག་བྲེན་པ་དང་ཤིང་རིས་དང་རྒྱབ་ཤིང་ཡུ་བ་སོགས་ཆ་ཚང་སྒྲུབ་ཚར་བར་མཛད། དེ་རྗེས་སུ་མདོས་ར་བཟོས་ཏེ་མཐའ་ཡི་ལྕགས་རི་ནས་རི་བདུན། མཚོ་བདུན། གླིང་བཞི་གླིང་ཕྲན་རི་རབ་བང་རིམ་བུམ་པ་བྲེ་བཅས་མདོས་གཞུང་ལས་གཞིར་བཟུང་སྟེ་ཤིང་བཟོ་བ་དང་རྩི་གཏོང་བ་སོགས་གནང་སྟེ་ཕྱི་རུ་མིག་གི་ཡུལ་དུ་མཛེས་ཤིང་ལྟ་ན་སྡུག་ཅིང་། ནང་དུ་སྲ་ཞིང་རྒྱ་ཁྱོན་ཚད་དང་ལྡན་པར་གྲུབ་སྟེ་རིམ་བཞིན་བཤམས་དར་ལ་འབད་དེ་ཉིན་གསུམ་གྱི་རིང་དུ་བཤམས་དར་གང་ལེགས་གནང་སྟེ་ཡོངས་སུ་བཤོམས་ཟིན། །དེ་ནས་ཡེ་སྟོད་སྲོལ་རྒྱུན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་ ༧ དགེན་སྦྱིན་པ་འབྱུང་གནས་དབུ་མཛད་གནང་སྟེ། དགེ་རྒན་རྣམས་དང་དབུ་མཛད་རྣམ་པ་ལྔ་བོན་གཤེན་བཞི་བཅུ་ལྷག་ཅིག་གིས་མཁས་ཀློང་མདོས་ཀྱི་འཕྲིན་ལས་གསུངས་པ་དང་གཞན་དབུ་མཛད་གཅིག་དང་བོན་གཤེན་བཞི་བཅུ་ཙམ་གྱིས་བསྐང་འབུམ་དང་ཚེ་སྒྲུབ་སོགས་གསུངས།
ཧོར་ཟླ་ ༩ པའི་ཚེས་ ༡༧ སྤྱི་ཟླ་ 10 ཚེས་ 6 ཉིན་ཞོགས་པའི་ཆུ་ཚོད་དྲུག་པར་རྒྱུན་ལྡན་ལྟར་དུང་ཆེན་གཏོང་བ་དང་བསང་གསུང་བ་སོགས་གནང་སྟེ་བླ་མ་དགེ་བཤེས་རྣམས་བཞུགས་ཁྲི་རྒྱག་རྒྱུ་དང་ཆིབས་བསུའི་སྟ་གོན་མཛད། ཆུ་ཚོད་ 11 ཐོག་ ༧ དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་གི་དབུ་བླ༧སྐྱབས་རྗེ་དྲང་སྲོང་ཚུལ་ཁྲིམས་འབྱུང་གནས་རིན་པོ་ཆེ་མཆོག་དང་དབུ་རུ་བླ་ཆུང་བསྟན་འཛིན་མཐར་ཕྱིན། སྒྲུབ་གྲྭའི་མཁན་པོ་དགེ་བཤེས་གཤེན་བསྟན་ལྷུན་གྲུབ། ཞལ་ངོ་མཚམས་རྒན་སོགས་དངོས་སུ་ཆིབས་བསུ་ཞུས་ཏེ། བོན་གཤེན་དགུ་བཅུ་ལྷག་ཅིག་བོན་གཤེན་གྱི་ཆ་ལུགས་རྣལ་མ་ཞིག་མནབ་ཅིང་སེར་ཕྲེང་བསྒྲིག་སྟེ་རྔ་གཤང་དུང་གླིང་གི་སྒྲ་དང་ཆས་ཤིང་དྲི་བཟང་བསང་དང་སྤོས་དཀར་གྱི་དུད་པས་སྤྱན་དྲངས་ཤིང་ཚོགས་གུར་ཆེན་མོའི་ནང་དུ་རྗེ་ཉིད་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་སུ་གསོལ་ཞིང་མཎྡལ་དང་སྐུ་གསུང་ཐུགས་རྟེན་སོགས་ཕུལ་ཞིང་རིམ་བཞིན་བླ་མ་དགེ་བཤེས། མཚམས་པ་རྣམས་ཁྲི་ལ་བཞུགས་སུ་གསོལ་བ་དང་དབུ་མཛད་བོན་གཤེན་རྣམས་རིམ་པ་བཞིན་བཞུགས་གྲལ་དུ་འཁོད། དེ་ནས་སྲོལ་རྒྱུན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དགེན་ཕྱྭ་གཤེན་གྱིས་མདོ་འཛིན་གནང་སྟེ། བོན་གཤེན་རྣམས་དང་དད་ལྡན་མང་ཚོགས་ཚོ་ལ་བླ་མ་དགེ་བཤེས། མཚམས་པ་རྣམས་ཀྱིས་རེ་རེ་བཞིན་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་མིག དུ་ཏྲི་སུའི་ལུང་དང་ཨ་དཀར་འབུམ་སྒྲུབ་བཅས་གཞན་བཀའ་སློབ་ལམ་སྟོན་གང་མང་ཞིག་གནང་རྒྱུ་ཡིན་པ་སོགས་གསུངས། དེ་ནས་ ༧ སྐྱབས་རྗེ་ཚུལ་ཁྲིམས་འབྱུང་གནས་རིན་པོ་ཆེས་སྤྱིར་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་མིག སྒོས་སུ་བར་ཐ་ཤོག་ཁའི་སྤྱི་རིམ་འདིའི་ལོ་རྒྱུས་ཡུན་རིང་ལྡན་ལུགས་དང་ཕན་འབྲས་ཐོན་ལུགས་ད་དུང་མ་འོངས་པར་སྤྱི་རིམ་མ་ཉམས་གོང་འཕེལ་བཏང་དགོས་བ་དང་མཐུན་སྒྲིལ་དང་རིག་གནས་ལ་སྣང་ཆེན་དགོས་ལུགས་སོགས་བཀའ་སློབ་ལམ་སྟོན་མཛད། །དེ་བཞིན་བླ་མ་དང་དགེ་བཤེས། མཚམས་པ་སོགས་ཀྱིས་རེ་རེ་བཞིན་དགེ་སྡིག་བླང་དོར་དང་བཀའ་སློབ་ལམ་སྟོན་མི་ཉུང་བར་གསུངས་གནང་གྲུབ། ཕྱི་དྲོར་ཨ་དཀར་འབུམ་སྒྲུབ་གནང་སྟེ་ས་ཕྱོགས་གང་སར་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་དུ་མ་ལ་བླ་མ་དགེ་བཤེས་མཚམས་པ་རྣམས་ལྷན་དུ་ཨ་དཀར་འབུམ་ཚོ་དུ་མ་བསགས་སྦྱོང་གནང་བ་དང་མཐར་བསྟན་འབར་སྨོན་ལམ་དལ་བུས་དབྱངས་སུ་གྱེར་ཏེ་ཡིག་བརྒྱ་སྒོ་དག་སོགས་མཐར་ཕྱུང་། སྔར་རྒྱུན་ལྟར་དགོང་མོ་དཀར་གསུར་གསུར་ཆེན་བསྔོས་ཤིང་དྲི་ལ་དགའ་བ་དྲི་ཡིས་བསྐང་། འོད་ལ་དགའ་བ་འོད་ཀྱིས་བསྐང་ཞེས་པ་ལྟར་དུ་འགྲོ་དྲུག་སོ་སོའི་ཅི་འདོད་པ་ཐམས་ཅད་ཡིད་བཞིན་དུ་ཚིམ་པའི་བསྔོ་སྨོན་མཛད་པའོ།།
སྤྱི་ཚེས་ 8 ཉིན་ཞོགས་པའི་ཆུ་ཚོད་ 9 པའི་ཐོག་ཚོགས་གུར་ཆེན་མོ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་བླ་མ་དགེ་བཤེས། མཚམས་པ་བཅས་སེར་ཕྲེང་དང་རོལ་མོས་དྲངས་ཏེ་བདུད་འདུལ་སྒྲ་སྒྲོག་མཆོད་རྟེན་བསྐོར་བ་གཅིག་བྱོན་ཞིང་བསང་ཁང་མདུན་དུ་ཕེབས་ཏེ་སྒྲ་བླའི་གཡང་ལེན་དང་སྲུང་བྱུག་སོགས་མཛད་དེ་རིན་པོ་ཆེས་མི་རྟ་ཀུན་ལ་སྒྲ་བླའི་སྲུང་བྱུག་དང་སྟབས་ཅིག་སྤྱི་སྤུངས་དང་བོན་སྐྱོང་སོགས་དགོང་གསོལ་གསུངས་ཤིང་ཚོགས་གུར་ཆེན་མོ་ནས་བསང་ཁང་བར་དུ་དད་ལྡན་སེར་སྐྱ་ཕོ་མོ་བརྒྱ་ཕྲག་དུ་མ་རུ་སྟར་བསྒྲིགས་ཏེ་བོན་སྐྱོང་སྲུང་མ་རྣམས་ཀྱི་བསྐང་མདོས་མི་རེ་རེའི་ལག་ནས་བརྒྱུད་དེ་ཀུན་གྱི་ཞལ་ནས་སངས་རྒྱས་བསྟན་པ་དར་ཞིང་རྒྱས། །སེམས་ཅན་བདེ་སྐྱིད་ཕུན་སུམ་ཚོགས། །ནད་ཡམས་མུ་གེ་རྒྱུན་ཆད་ཅིང་། །ཆར་ཆུ་དུས་སུ་འབེབས་པར་ཤོག། ཅེས་གསོལ་བ་སྨོན་ལམ་བྱས་ཏེ་འབྲུ་དང་མེ་ཏོག་གཏོར། །སླར་སེར་ཕྲེང་དང་རྔ་ཤང་དུང་གླིང་གིས་སྤྱན་དྲངས་ཤིང་རིན་པོ་ཆེ་མཆོག་དང་བླ་མ་དགེ་བཤེས་རྣམས་ཕྱིར་ཚོགས་གུར་ཆེན་མོའི་ནང་དུ་གདན་དྲངས་ཤིང་མི་འཇིགས་ཁྲི་རུ་བཞུགས་སུ་གསོལ། །དེ་ནས་ཡི་དམ་བཀའ་ཆེན་སྡེ་དགུའི་ནང་ཚན་ཡི་དམ་གསས་མཁར་མཆོག་ལྔའི་གཙོ་བོ་སྐུ་དབལ་གསས་རྔམ་པའི་དབང་མཆོག་ཟབ་མོ་དང་མཁས་ཀློང་གསང་བའི་མདོས་དབང་སོགས་བསྐུར་རྗེས། ཟློག་པ་དང་ཁྲུས་སོགས་གནང་སྟེ་ཁྲོམ་ཚོགས་དད་ལྡན་རྒྱ་བོད་སྟོང་ཚོ་དུ་མས་དབང་ལུང་དམ་ཚིག་ཁྲུས་དང་དངོས་གྲུབ་ཞུས་ཏེ་ཁྲོམ་ཚོགས་རྣམས་རང་གནས་སུ་བདེ་བར་གཤེགས་ཤིང་སྒྲུབ་གཤེན་རྣམས་ཀྱིས་སྤྱི་རིམ་ཆེན་མོའི་རྗེས་བྱ་བཀྲ་ཤིས་བཤེགས་སྤྱོད་སྨོན་ལམ་སོགས་ཀྱིས་མཇུག་ཡོངས་དུ་གྲུབ་པར་བགྱིས་པའི་གནས་ཚུལ་མདོར་བསྡུས་སུ་བཀོད་པའོ།།