ཁམས་དཔལ་ཡུལ་ལྕང་ལུང་དགོན་ནས་གདུང་མཆོད་ཕུལ་བ།
[ཟླ་ཚེས། 2017-10-07 14:37:39][རྩོམ་པ་པོ། ལྕང་ལུང་དགོན་པའི་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཛམ་གླིང་བོན་གྱི་སྤྱི་ནོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༧ཟླ་བ༩ཚེས༡༤ཉིན་སྤྱིར་ཁ་བ་གངས་ཅན་ལྗོངས་དང་སྒོས་བོན་འབངས་ཡོངས་ཀྱི་སྤྱི་བོའི་གཙུག་དང་ཁོག་པའི་སྙིང་ལྟར་གཅེས་པའི་འཛམ་གླིང་གི་ཉི་མ་སེར་པོ་ཞིག་གཟིམས་སོང་བས་ངེད་ལྕང་ལུང་དགོན་གྱི་མཆོག་སྤྲུལ་རིན་པོ་ཆེ་རིག་དགའ་དང་མཁན་པོ་ཚེ་འགྱུར་རྣམ་གཉིས་ཀྱི་ཐུགས་བཀོད་ལྟར་སེར་སྐྱ་ཡོངས་ཀྱིས་ཐུགས་གསོ་མཉམ་དུ་བསྐང་ཞིང་གདུང་སེམས་མཉམ་བསྐྱེད་དང་།
ཁྱད་པར་དུ་ཁམས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་དཔལ་ཤར་རྫ་པའི་རྒྱལ་ཚབ་མཁན་ཆེན་རིག་འཛིན་དབང་རྒྱལ་མཆོག་གི་བཀའ་གསུང་ལྟར་དགོངས་རྫོགས་དགེ་རྩ་ཚོགས་བསགས་མཆོད་འབུལ་དགེ་སྒྲུབ་སྡིག་སྤངས་གསོལ་བཏབ་སྨོན་ལམ་སོགས་སེར་སྐྱ་མང་འཚོགས་བྱས་ནས་ཉིན་གསུམ་གྱི་རིང་ལ་མཆོད་པ་རྣམ་ལྔ་དང་རིན་པོ་ཆེའི་སྐུ་པར་བཤམས་ནས་འགོ་བདེ་ཆེན་རྒྱལ་པོ་ནས་བླ་གྲྭ་ཐམས་ཅད་ཀྱིས་ཞིང་སྨོན་གསུམ་གྱི་རྣམ་བཞག་དང་མི་སྐྱ་ཕོ་མོ་ཡོངས་བསྙེན་གནས་འདུག་ནས་ཕྱག་དང་བསྐོར་བ་གསོལ་བཏབ་སྨོན་ལམ་སྙིང་པོ་བཟླས་བརྗོད་དགེ་སྒྲུབ་སྡིག་སྤང་ཅི་ནུས་བྱས་པ་དང་སེར་སྐྱ་ཐམས་ཅད་ཀྱི་དགོངས་ཞག་ནང་དུ་འགྲུབ་ངེས་ཀྱི་དགེ་རྩ་རང་རང་སོ་སོས་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་ཁས་ལེན་དང་བཅས་ཞུས་པ་ལགས་སོ། །
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྙིང་ག་པདྨའི་ཟེའུ་འབྲུ་ལ།།
འབྲལ་བ་མེད་པར་ཐུགས་རྗེ་བཞུགས་སུ་གསོལ།། བརྩེ་བ་ཆེན་པོས་རྗེས་སུ་གཟུང་བར་འཚལ།།
ཞེས་ལྕང་ལུང་དགོན་པའི་འདུས་སྤྱི་ནས།
༄༅།། བླ་མ་རྒྱང་འབོད་བཞུགས་སོ།།
སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
བཀའ་རྒྱུད་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
སེམས་དཔའ་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
བླ་མ་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
ཡི་དམ་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
མཁའ་འགྲོ་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
སྲུང་མ་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
སྐྱེ་མེད་བོན་སྐུ་ཡི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
འགག་མེད་རྫོགས་སྐུ་ཡི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
གཉིས་མེད་སྤྲུལ་སྐུ་ཡི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ།།
རྗེ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།།
ལྕང་སྤྲུལ་གཡུང་དྲུང་བསྟན་རྒྱལ་མཆོག་གིས་དབེན་གནས་དཀར་ཡུའི་རྫ་ཁྲོད་དུ་མཛད་པའོ། །