དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་དང་འབྲེལ་བའི་སྐོར།
[ཟླ་ཚེས། 2017-10-05 21:57:37][རྩོམ་པ་པོ། བཀའ་རམས་པ་གཡུང་དྲུང་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་དང་འབྲེལ་བའི་སྐོར།
དེ་ཡང་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་མཆོག་ཕྱི་ལོ་༢༠༡༥་ཕྱི་ཟླ་དྲུག་པའི་ནང་སྐོར་ནས་ཉེ་ལམ་ཕྱི་ལོ་༢༠༡༧་ཟླ་༩་ཚེས་༡༤་བར་ལོ་གཉིས་ལྷག་རིང་ཐུན་མོང་གདུལ་བྱའི་སྣང་ངོར་རག་སྣང་གཟུགས་སྐུའི་དཀྱིལ་འཁོར་ལ་སྙུང་གཞི་བཞེས་པའི་ཚུལ་བསྟན་ཞིང་། སྐབས་དེའི་ཐོག་མཐའ་བར་གསུམ་དུ་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ཉིད་ལ་བཀའ་འདྲི་དགོངས་སྐོར་དུས་ནས་དུས་སུ་ཞུས་པར་མ་ཟད། ༸སྐྱབས་རྗེ་ཡོངས་འཛིན་པོ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ། ༸སྐྱབས་རྗེ་གཤེན་རིན་པོ་ཆེ་སོགས་རང་ཅག་གཡུང་དྲུང་བོན་གྱི་བླ་མ་ཆེ་ཁག་རྣམས་ལ་ཕྱག་མོ་ཐུགས་བརྟག་དང་བཀའ་སློབ་ལམ་སྟོན་ཇི་དགེ་གང་ལེགས་ཞུས་ཏེ། འདི་ག་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གཙོ་བོར་བྱས་པའི་རྒྱལ་ཕྱི་ནང་གི་བོན་གྱི་དགོན་སྡེ་གྲྭ་ཚང་དང་། ཚོགས་པ་སྤྱི་སྒེར་སོགས་མདོར་ན་འཛམ་གླིང་བོན་འབངས་སེར་སྐྱ་ཀུན་གྱིས་སྤྱི་མཐུན་གྱི་བསོད་ནམས་གོང་དུ་སྤེལ་སླད་སྐུ་ཕྱྭའི་ཞབས་རིམ་གང་རྒྱས་ཇི་ལྕོགས་རབ་དང་རིམ་པས་བསྒྲུབས་པ་དང་། དེ་བཞིན་རང་རེའི་གཞིས་བྱེས་བོན་འབངས་ཐུན་མོང་དང་། དཔལ་ལྡན་ཆོས་རིག་ལས་ཁུངས་སོགས་སྤྱི་སྒེར་མང་པོས་དད་དམ་གཡོ་བ་མེད་པའི་སྒོ་ནས་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ཏེ་མཎྜལ་བརྟན་བཞུགས་ཀྱང་ཕུལ་བ་མ་ཟད།
བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་རིན་པོ་ཆེས་གཙོ་བོར་ཐུགས་འགན་བཞེས་ཏེ་སྔ་ཕྱིར་ཨ་རིར་ཐེངས་དུ་མར་ཆེད་དུ་གདན་དྲངས་ཏེ་འཛམ་གླིང་ནང་སྐད་གྲགས་ཅན་གྱི་ཕྱི་ལུགས་སྨན་ཁང་དང་སྨན་པ་མང་པོར་བསྟེན་བཏུགས་ཀྱིས་གསོལ་སྨན་སོགས་ཀྱི་མཐུན་རྐྱེན་གང་ལེགས་བསྒྲུབས་ཏེ་སྐུ་ཡི་སྙུང་ཁམས་སྨན་བཅོས་འཕྲོད་བསྟེན་གྱི་ཐབས་ལམ་ཞུས་གནང་བ་དང་། དེ་བཞིན་རྒྱ་གར་ནང་ལ་ཡང་རྒྱལ་ས་ལྡི་ལི་དང་། ཅན་དྷི་སྒར་གྲོང་ཁྱེར། སོ་ལན་རྫོང་སོགས་ཐག་ཉེ་རིང་གི་སྨན་ཁང་རྣམས་སུ་གདན་ཞུས་བྱས་པ་སོགས་མདོར་ན་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་སྨན་པ་མཁས་པ་དུ་མ་ཞིག་གིས་སྙུང་ཁམས་སྨན་བཅོས་ཀྱི་ཐབས་ཤེས་གང་དགའ་ཅི་དྲག་ཞུས་པ་ཡིན་ནའང་། སྤྱིར་རང་ཅག་རྗེས་འཇུག་གདུལ་བྱའི་བསོད་ནམས་ཀྱི་སྐལ་པས་མ་ཐེག་པ་དང་། ལྷག་པར་དུ་༸སྐྱབས་རྗེ་མཆོག་ཉིད་ཀྱང་རེ་ཞིག་རླབས་ཆེན་བསྟན་འགྲོའི་དོན་ཆེན་མཐའ་རུ་ཕྱིན་ནས་ཕྱི་ལོ་༢༠༡༧་ཟླ་༩་ཚེས་༡༤་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦་དང་སྐར་མ་༢༥་སྟེང་གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་༸དཔལ་གཤེན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་འདི་བཞིན་བྱུང་བ་ལགས།
དེ་ཡང་སྐབས་དེར་༸སྐྱབས་རྗེ་སྨན་རིའི་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོ་བོར་བྱས་པའི་བླ་སྤྲུལ་ཆེ་ཁག་རྣམས་བླ་བྲང་གི་གཟིམས་ཆུང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ལ་རྣམ་དག་འདུལ་བའི་ན་བཟའ་ཚུལ་བཞིན་གསོལ་ཞིང་གདོས་བཅས་གཟུགས་སྐུའི་བཀོད་པ་འོག་མིན་ཞི་དབྱིངས་སུ་བསྡུས་པའི་སྐུ་གདུང་རིན་པོ་ཆེའི་སྐུ་མདུན་དུ་བླ་མེད་རྫོགས་པ་ཆེན་པོའི་བཀའ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གཞུང་གསུངས་ཤིང་། གཞན་དགེ་བཤེས་རྣམ་པ་དང་དགེ་འདུན་པ་བྱིངས་བླ་བྲང་གི་གདུང་ཁང་ཕྱི་ལོག་ཏུ་འཛོམས་ཏེ་མཚན་ལྡན་འདུལ་བ་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པ་ཚར་གཅིག་དབྱངས་སུ་གྱེར་ཞིང་གདུང་བའི་སྨྲེ་ངག་དང་བཅས་ཏེ་ཀུན་གྱིས་ཕྱག་འཚལ་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་མཛད། དེ་རྗེས་གོང་གསལ་བླ་སྤྲུལ་རྣམ་པ་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་མུ་མཐུད་བཀའ་རྒྱུད་སྐོར་བཞིའི་གཞུང་དང་། ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོའི་ཚིག་བཤད་གསུངས་གནང་མཛད། དགེ་འདུན་འདུས་མང་རྣམས་འདུལ་ཁང་དུ་ཆུ་ཚོད་གཉིས་ལྷག་ཙམ་གྱི་རིང་སྨོན་ལམ་གསུངས་གནང་།
ཚོགས་གྲོལ་མ་ཐག་བླ་བྲང་དུ་བཀའ་རམས་པའི་འཛིན་གྲྭ་ནས་དབུ་བཙུགས་ཏེ་འཛིན་གྲྭའི་གོ་རིམ་བཞིན་ཚེ་དབང་སྨོན་ལམ་དང་། རྣམ་རྒྱལ་ནོར་བུའི་སྨོན་ལམ། སྐུ་གསུམ་སྨོན་ལམ་སོགས་གསུངས་གནང་ཞིང་། བླ་སྤྲུལ་དགེ་བཤེས་རྣམས་ནས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གཞུང་དང་། ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོའི་ཚིག་བཤད་དང་གསོལ་འདེབས་སྨོན་ལམ་སོགས་ཉིན་ཞག་ཕྲུག་གསུམ་གྱི་རིང་ཆུ་རྒྱུན་སྐབས་མེད་དུ་གསུངས་པ་དང་། ཕྱི་ཚེས་༡༥་དང་༡༦་གཉིས་སུ་འདུས་མང་ཕལ་ཆེ་བས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་རིག་འཛིན་འདུས་པ་དང་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་ཉིན་ལྟར་རྒྱས་པར་ཕུལ། གཞན་ཡང་ཕྱི་ཚེས་༡༥་ཉིན་ནས་བཟུང་༧དཔལ་ལྡན་སྨན་རིའི་བླ་བྲང་དང་། ༸དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་གཉིས་ཀྱི་ཕྱི་ནང་དང་། དེ་བཞིན་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་བཅས་སུ་༸སྐྱབས་རྗེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་སོགས་མཆོད་ཚོགས་རྒྱས་པར་བཤམས་ཐོག་ཉིན་ལྟར་སྔ་དྲོའི་ཆུ་ཚོད་༨་སྐར་མ་༣༠་དང་ཕྱི་དྲོའི་ཆུ་ཚོད་༦་སྐར་མ་༡༥་སྟེང་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དབུར་བཞུགས་ཀྱིས་བླ་སྤྲུལ་དགེ་བཤེས་རྣམས་བླ་བྲང་གི་སྐུ་གདུང་ཁང་གི་ཕྱི་ནང་རྣམས་སུ་དང་། གཞན་དགེ་འདུན་འདུས་མང་དང་དད་ལྡན་མང་ཚོགས་ཀུན་འཆམ་ར་གཡུང་དྲུང་དགའ་ཚལ་ནས་བླ་བྲང་གི་མདུན་དུ་ཞལ་ཕྱོགས་ཏེ་སྣང་གསལ་མར་མེའི་མཆོད་ཚོགས་སྒྲོན་འབུལ་དང་འབྲེལ་ཐམས་ཅད་མགྲིན་དབྱངས་གཅིག་གིས་བླ་མ་མཆོད་པ་གསུང་འདོན་མཛད་པ་དང་། སྐབས་དེར་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་བླ་མ་མཆོད་པའི་ཚིག་བཤད་དང་བསྟུན་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པ་རྣམ་ལྔ་འདེགས་འབུལ་མཛད། དེ་བཞིན་འདི་གར་གཉུག་མར་གནས་པ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཀུན་ཏུ་༸སྐྱབས་རྗེ་མཆོག་གི་གསོལ་འདེབས་འུར་འདོན་དང་འབྲེལ་ཕྱག་སྐོར་མཆོད་འབུལ་རྒྱུན་ཆད་མེད་པར་གནང་།
ཕྱི་ལོ་༢༠༡༧ཟླ་༩ཚེས་༡༦ཉིན་གྱི་སྔ་དྲོའི་ཆུ་ཚོད་༨་ནས་ཉིན་གང་པོར་སེར་སྐྱ་མི་མང་ཡོངས་རྫོགས་ལ་ཁྲུས་བསང་གིས་དག་གཙང་དང་འབྲེལ་ཐུགས་དམ་གཡོ་མེད་བོན་གྱི་སྐུ་རུ་བཞུགས་པའི་སྐུ་གདུང་རིན་པོ་ཆེ་ཐོག་མར་མཇལ་ཁའི་བྱིན་རླབས་བསྩལ་ཅིང་། ཕྱི་ཚེས་༡༧་ནས་བཟུང་ཕྱི་ཟླ་༡༠་ཚེས་༢་ཉིན་སྐུ་གདུང་ཞུགས་འབུལ་གྱི་བར་དུ་ཉིན་རེར་སྔ་དྲོའི་ཆུ་ཚོད་༡༡་ནས་༡༢་བར་མཇལ་ཁའི་དུས་ཚོད་གཏན་ཁེལ་གནང་བ་ལྟར། ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ་མེད་པར་སྐུ་གདུང་རིན་པོ་ཆེ་མཇལ་ཁ་དང་བྱིན་རླབས་ཞུ་མཁན་རྒྱལ་ཕྱི་ནང་གི་རྒྱ་ཆེའི་དད་ལྡན་པ་ཕྱོགས་མཐའ་ཉེ་རིང་ངེས་མེད་ནས་ཉིན་ལྟར་འཚང་ཁའི་ངང་ཕེབས་ཡོད་པ་དང་། ཉིན་ལྔ་པ་སྟེ་ཕྱི་ལོ་༢༠༡༧ཟླ་༩ཚེས་༡༨ཉིན་གྱི་སྔ་དྲོར་ཐུགས་དམ་གྲོལ་ནས་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་གཙོ་བོར་བྱས་པའི་བླ་སྤྲུལ་རྣམས་ཀྱིས་གདུང་ཁྲུས་དང་གནས་ཡིག་བཅས་ཞུས་རྗེས། རྣམ་དག་འདུལ་བའི་ན་བཟའ་གོས་དྲུག་ཕུལ་ཞིང་སྐུ་གདུང་རིན་པོ་ཆེ་གསས་ཁང་དུ་བཞུགས་སུ་གསོལ་ཏེ་བླ་བྲང་གི་གཟིམས་ཆུང་དུ་མཆོད་པ་རྣམ་ལྔའི་བཤམས་བཀོད་ལེགས་པར་བགྱིས་པའི་དཀྱིལ་འཁོར་དུ་བཤམས།
གཞན་ཡང་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུས་དོན་བཞིན་ཕྱི་ཚེས་༡༧་ཉིན་ནས་བཟུང་དགེ་འདུན་འདུས་མང་རྣམས་དགུང་ཞག་ཞེ་དགུའི་རིང་བདུན་རེའི་ནང་སྤྱི་སྤུངས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་འཁོར་རྒྱས་པ་ཚར་གསུམ་དང་བདུན་ཚིགས་རྣམས་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ཚར་རེ་གསུངས་འདོན་གནང་བཞིན་ཡོད་པ་དང་། སྐུ་གདུང་ཞུགས་འབུལ་མ་གྲུབ་བར་དུ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་བསླབ་པ་བགྲེས་གཞོན་སྤེལ་མར་བྱས་ཏེ་རེས་མོས་ཀྱིས་༸དཔལ་ལྡན་སྨན་རིའི་བླ་བྲང་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོའི་ཚིག་བཤད་དང་། ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་གཞིའི་གཞུང་དང་གསོལ་འདེབས་སྨོན་ལམ་སོགས་ཉིན་མཚན་བར་མེད་དུ་གསུངས་པར་མ་ཟད། དགེ་བཤེས་ཁག་གཅིག་༸སྨན་རིའི་བླ་བྲང་གསར་པའི་ཡང་ཐོག་ཏུ་རིག་འཛིན་འདུས་པའི་ཚོགས་འཁོར་གསུང་གནང་མཛད།
དེར་མ་ཟད་ཕྱི་ཚེ་༡༥་ནས་བཟུང་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་སྐྱོང་སྤྲུལ་རིན་པོ་ཆེ་སོགས་གོང་མ་རྣམ་པའི་བཀའ་སློབ་ལམ་སྟོན་འོག་གྲྭ་ཚང་གི་རྒྱུན་ལས་རྣམས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཤིང་དགུང་ཞག་བཞུགས་མཁན་དང་། བླ་བྲང་དུ་རིག་འཛིན་འདུས་པའི་ཚོགས་འཁོར་གསུངས་མཁན་རྣམས་ཕུད། གཞན་སེར་སྐྱ་མི་མང་ཡོངས་རྫོགས་ཕྱར་གྲུ་མཉམ་འདེགས་ཀྱིས་ཀུན་རིག་ལས་གཞིའི་རྒྱུན་ལྔའི་སྐམ་རློན་གྱི་མཆོད་པའི་ཡོ་བྱད་རྣམས་ཚད་ལྡན་ཚུལ་མཐུན་དང་། གང་རྒྱས་ཅི་ལེགས་སུ་གསོག་སྒྲུབ་དང་གྲྭ་སྒྲིག་འཐུས་སྒོ་ཚང་པར་བྱས་ཏེ་ཕྱི་ཚེས་༢༥་ཉིན་སྤྱི་ཡོངས་ནས་མཇུག་གྲུབ་ཏེ། ཕྱི་ཚེས་༢༦་ནས་༢༨་བར་ཁྱོན་ཉིན་གསུམ་རིང་མཆོད་བཟོ་དང་རྒྱན་རྫས་རྣམས་བཤམས་བཀོད་ལེགས་པར་གནང་། ཕྱི་ཚེས་༢༩་ཉིན་ནས་སྨན་རིའི་གཙུག་ལག་ཁང་ཆེན་མོ་རུ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྦྱིན་གྱི་ཡོ་བྱད་ཕུན་སུམ་ཚོགས་པར་བཤམས་བསྒྲིགས་དག་པར་བགྱིས་ཐོག་༸སྐྱབས་རྗེ་སྨན་རིའི་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་དབུ་བཞུགས་ཀྱིས་སྨན་རིའི་གླིང་དང་། ཁྲི་བརྟན་ནོར་རྩེ་གཉིས་ཀྱི་བཤད་སྒྲུབ་མཁན་སློབ་རྣམ་པ་དང་། འདུས་སྡེ་གཉིས་ཀྱི་དགེ་བཤེས་ལྔ་བཅུ་མ་ཟིན་ཙམ་གཙོ་བོར་བྱས་པའི་བླ་སྤྲུལ་དགེ་འདུན་ཞལ་གྲངས་དགུ་བཅུ་ལྷག་གིས་ཀུན་རིག་ལས་གཞི་རྒྱུན་ལྔའི་དངོས་གཞིའི་ཆོ་ག་གསུང་འདོན་དབུ་འཛུགས་གནང་། ༸བཙུན་དགོན་རཏྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་བླ་བྲང་གི་སྐུ་གདུང་ཁང་གི་རོལ་དུ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་གསུངས་ཤིང་། བླ་གྲྭ་ཁག་གཅིག་བླ་བྲང་གསར་པའི་ཡང་ཐོག་ཏུ་རིག་འཛིན་འདུས་པའི་ཚོགས་འཁོར་བསྐོར།
ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་ཀྱི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་སྔོན་འགྲོ་རུ་ཕྱི་ཟླ་༡༠་ཚེས་༡་ཉིན་གྱི་དགོང་མོའི་ཆུ་ཚོད་༦་སྐར་མ་༣༠་སྟེང་ལས་བཞི་རྒྱུན་ལྔའི་རྡུལ་མཚོན་དཀྱིལ་འཁོར་དང་། གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར། ལས་བཞིའི་ཤིང་བརྩེགས་བཅས་སྤྱན་རྒྱ་སྤོས་སྣེས་དྲངས་ཏེ་གདུང་ཁང་གི་མེ་ཐབ་ཏུ་བཞུགས་སུ་གསོལ་ནས་བླ་སྤྲུལ་དགེ་འདུན་ཁག་གཅིག་གིས་དཀྱིལ་འཁོར་ས་སློང་གི་ཆོ་ག་གསུངས། དེ་རྗེས་ཆུ་ཚོད་༧དང་སྐར་མ་༣༠་ནས་འདུས་མང་སྐྱ་སེར་ཀུན་གྱིས་བླ་མ་མཆོད་པ་དང་གསོལ་འདེབས་དབྱངས་སུ་གྱེར་ཞིང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་བླ་མ་མཆོད་པའི་ཚིག་བཤད་དང་འབྲེལ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པ་རྣམ་ལྔ་ཕུལ། དགོང་མོའི་ཆུ་ཚོད་༡༠་ནས་ཞོགས་པའི་ཆུ་ཚོད་༣་བར་བླ་བྲང་གི་གདུང་ཁང་ཟུར་དུ་བླ་མ་དགེ་བཤེས་རྣམ་པས་མཉམ་མེད་བླ་སྒྲུབ་གསུངས། གཞན་སེར་སྐྱ་མི་མང་ཡོངས་རྫོགས་༸རྒྱལ་བ་སྨན་རི་བ་གང་ཉིད་ཀྱི་གསོལ་འདེབས་དབྱངས་སུ་གྱེར་བཞིན་འདུལ་ཁང་ལ་ཞབས་བསྐོར་ཕེབས་ཏེ་མཚན་ཕུད་མཛད། ཞོགས་པའི་ཕྱག་ཚོད་༣་སྐར་མ་༡༥་ནས་འདུས་མང་སྐྱ་སེར་ཀུན་གྱིས་བླ་མ་མཆོད་པ་དང་གསོལ་འདེབས་དབྱངས་སུ་གྱེར་ཞིང་སྔར་བཞིན་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་བླ་མ་མཆོད་པའི་ཚིག་བཤད་དང་འབྲེལ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པ་རྣམ་ལྔ་ཕུལ། དེ་རྗེས་ཆུ་ཚོད་༣་དང་སྐར་མ་༣༠་ནས་ཆུ་ཚོད་གསུམ་རིང་སླར་ཡང་སེར་སྐྱ་མི་མང་དང་སྐུ་མགྲོན་ཡོངས་བཅས་ལ་སྐུ་གདུང་རིན་པོ་ཆེ་མཇལ་ཁ་བསྩལ། ཆུ་ཚོད་༦་སྐར་མ་༣༠་ཐོག་བླ་སྤྲུལ་དགེ་འདུན་རྒྱ་མཚོས་དར་གདུགས་སེར་ཕྲེང་དང་བཅས་ཏེ་སྐུ་གདུང་རིན་པོ་ཆེ་བླ་བྲང་ནས་གདན་དྲངས་ཏེ་འདུལ་ཁང་ཆེན་མོར་སྐོར་བ་གཅིག་ཕེབས་རྗེས་མེ་ཐབ་གདུང་ཁང་བརྩེགས་པའི་མདུན་དུ་སྤྱན་དྲངས། དེ་མཚམས་མེ་སྤར་གྱི་ཆོ་ག་དབུ་འཛུགས་ཀྱིས་དད་ལྡན་སེར་སྐྱ་སྟོང་ཕྲག་གཉིས་ལྷག་གིས་མེ་སྤར་གྱི་ཆོ་ག་མཉམ་དུ་གསུང་འདོན་གནང་མཛད། ཆོ་གའི་འདོན་ཚིག་དང་བསྟུན་ཏེ་སྐུ་གདུང་རིན་པོ་ཆེ་ཕྱོགས་བཞིར་སྤྱན་དྲངས་རྗེས་མེ་ཐབ་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ཞིང་། དེ་རྗེས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་མཆོག་གིས་སྐུ་གསུམ་སྡོང་བུ་ཞུགས་སྒྲོན་དང་འབྲེལ་སྙིང་པོ་དང་འདོད་གསོལ་སྨོན་ལམ་དག་རིམ་བཞིན་གསུངས་གྲུབ་རྗེས་སྐུ་གདུང་རིན་པོ་ཆེ་དངོས་སུ་ཞུགས་འབུལ་མཛད་དེ་མེ་སྤར་གྱི་འདོན་ཆོག་ལེགས་པར་གྲུབ།
དེ་རྗེས་བླ་སྤྲུལ་འདུས་མང་དང་ཕྱོགས་ཕེབས་སྐུ་མགྲོན་གཙོ་བོར་བྱས་པའི་སེར་སྐྱ་ཡོངས་རྫོགས་༸དཔལ་གཤེན་བསྟན་སྨན་རིའི་འདུལ་ཁང་ཆེན་མོའི་མདུན་ཐང་འཆམ་ར་གཡུང་དྲུང་དགའ་ཚལ་དུ་བཞུགས་གྲལ་ལ་འཁོད་རྗེས་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ཀྱི་གཙོ་སྐྱོང་གནང་སྟེ་གཞུང་འབྲེལ་གྱི་སྐུ་མགྲོན་རྣམ་པས་རིམ་བཞིན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་རླབས་ཆེན་གྱི་མཛད་རྗེས་གལ་གནད་ཆེ་བ་ཁག་གཅིག་ངོ་སྤྲོད་དང་འབྲེལ་ཁོང་ལྟ་བུ་སྐྱེས་བུ་དམ་པ་ཞིག་ཞིང་ཁམས་གཞན་དུ་གཤེགས་སུ་ཤོར་བ་ནི་གཡུང་དྲུང་བོན་ལུགས་འཛིན་པ་དང་། བོད་གངས་པ་ཅན་པ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡི་གྱོང་གུད་ཚབས་ཆེན་ཡིན་པས་ཆེས་ཐུགས་ཕམ་པའི་གནས་ཡིན་སྐོར་དང་། གཞན་ཡང་རྗེས་འཇུག་བོན་འབངས་ཀུན་གྱིས་ཞིང་གཤེགས་དམ་པ་དེ་ཉིད་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དེ་དག་མཇུག་སྐྱོང་དེ། གཙོ་བོ་ཐུགས་མཐུན་དམ་གཙང་ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ལ་འབད་བརྩོན་ལྷོད་མེད་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།
དེ་རྗེས་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་‘‘དང་པོ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣་མཆོག་སྐུ་སྙུང་གཞི་བཞེས་སྟངས་དང་། གཉིས་པ་ཞིང་ཁམས་གཞན་དུ་གཤེགས་ཚུལ། གསུམ་པ་ང་ཚོ་རྗེས་ལུས་པ་རྣམས་ཀྱིས་༸སྐྱབས་རྗེ་མཆོག་གི་དགོངས་གཞི་བསྒྲུབ་ཕྱོགས།’’ཞེས་པའི་དོན་ཚན་གསུམ་གྱི་སྒོ་ནས་ཟབ་གསལ་གྱི་བཀའ་སློབ་གནད་སྨིན་བཀའ་དྲིན་བསྩལ་སོང་། དོན་ཚན་དང་པོ་དང་གཉིས་པའི་བཀའ་སློབ་ཀྱི་སྙིང་དོན་ནི། ༸སྐྱབས་རྗེ་སྨན་རི་བ་མཆོག་ཐོག་མར་སྐུ་སྙུང་གཞི་བཞེས་པ་ཤེས་ཚོར་བྱུང་བ་ནས་བཟུང་འཛམ་གླིང་བོན་འབངས་ཡོངས་ཀྱིས་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་ཤིང་། སྐྱོང་སྤྲུལ་རིན་པོ་ཆེས་ཐུགས་འགན་གཙོར་བཞེས་ཀྱིས་སྨན་ཁང་བསྟེན་གཏུགས་ཞུས་པས་སྙུང་ཁམས་གསལ་དྭངས་བྱུང་ཚུལ། མཐའ་མ་སྙུང་གཞི་སླར་ཡང་ཇེ་ཐུ་རུ་བྱུང་སྐབས་༸སྐྱབས་རྗེ་མཆོག་གིས་ཐུགས་འདོད་དེ་ཙམ་མེད་ནའང་། རྗེས་འཇུག་པ་རྣམས་རང་དགར་འདུག་བློས་མ་བཟོད་ནས་གྲོང་ཁྱེར་ཅན་དྷི་སྒར་སྨན་ཁང་དུ་གདན་དྲངས་ཏེ་སྨན་བཅོས་ཞུས་ཚུལ། རྗེས་སུ་སྨན་པས་བརྟག་དཔྱད་ཀྱི་མཇུག་འབྲས་དང་རིན་པོ་ཆེའི་ཐུགས་དགོངས་སོགས་མང་པོ་ཞིག་ལ་གཞིགས་ཏེ་༸གདན་སར་སྤྱན་དྲངས་ཤིང་སྐུ་ཡི་འཕྲོད་བསྟེན་དང་འབྲེལ་བའི་བསྲུང་སྐྱོབས་དང་སྙུང་གཡོག་ཞབས་ཕྱི་ཞུས་སྟངས་དང་། རིམ་པས་༸སྐྱབས་རྗེ་མཆོག་གི་བཀའ་གནང་བ་ལྟར་སྔ་ཕྱིར་སློབ་ཕྲུག་དང་། བོན་གཞིས་མི་མང་རྣམས་ལྷོད་མཇལ་གྱིས་ཡར་ཞུ་མར་གནང་ཆ་ཚང་བྱས། ཕྱི་ཚེས་༡༤་ཉིན་སྔ་དྲོ་དགེ་འདུན་པ་དང་བཙུན་མ་སོགས་ཡོངས་རྫོགས་ལ་མཇལ་ཁ་གནང་གྲུབ། ཉིན་འདིར་རིན་པོ་ཆེ་མཆོག་ནས་ཞིང་ཁམས་གཞན་དུ་གཤེགས་རྒྱུ་ཡིན་སྐོར་ཞལ་ཚ་པོ་ནས་བཀའ་གནང་ཞིང་ཐུགས་ཐག་བཅད་གནང་བ་ལྟར་མཐར་དགོངས་པ་གཞན་དོན་དུ་གཏད་ཚུལ་སོགས་ཀྱི་སྐོར་དང་། སྐབས་འདིར་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་དོན་དག་གཉིས་ཀྱི་ཐོག་ནས་ཐུགས་ཚོར་ཤུགས་ཆེན་པོས་གསུངས་གསལ་ལ། དང་པོ་༸སྐྱབས་རྗེ་མཆོག་སྐུ་སྙུང་གཞིའི་གནས་བབ་ཛ་དྲག་ཇི་ལྟར་སླེབས་ན་ཡང་ན་ཚ་ཟུག་རྔུ་ཨ་ར་ཨ་ན་སྦྲང་མའི་སྐད་ཙམ་ཡང་གསུངས་པ་རིན་པོ་ཆེ་ཁོང་དང་ཞབས་འཁོར་སུས་ཀྱང་གོ་མྱོང་མེད་པ་དང་། ཞིང་ཁམས་གཞན་དུ་གཤེགས་སྐབས་ཀྱང་ཡ་ཡོ་བཅས་བཅོས་ཅི་ཡང་མ་བྱས་པར་ཀུན་གྱིས་མཇལ་ཡུལ་དུ་གྱུར་པ་ལྟར་ཐུགས་དམ་ངོ་མཚར་བ་དེ་ལྟར་བཞུགས་ཤིང་། གནས་ཚུལ་དེ་ལྟ་བུའི་རྐྱེན་པས་རིན་པོ་ཆེ་ཁོང་རང་ཉིད་གཙོས་པའི་འཁོར་སློབ་བླ་གྲྭ་སུ་ལ་ཡང་ཧ་ཅང་མི་བཟོད་པའི་སྡུག་བསྔལ་ཤུགས་ཆེན་པོ་མེད་པ་མ་ཟད། ཐབས་ཅད་ཞི་བདེ་བག་ཕེབས་ཀྱི་ཚོར་བ་ཡ་མཚན་པ་བྱུང་བ་སོགས་ཀྱི་ཐོག་ནས་༸སྐྱབས་རྗེ་བདེ་བར་གཤེགས་པ་མཆོག་ཉིད་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་དད་པ་དང་དག་སྣང་ཙམ་མ་ཡིན་པར་ངེས་ཤེས་ཡང་དག་དྲངས་པའི་སྐོར་དང་། གཉིས་པ་བརྒྱུད་རིམ་འདིའི་ཐོག་མཐའ་བར་གསུམ་དུ་སྐུ་ཕྱྭའི་ཞབས་རིམ་དང་། དགོངས་རྫོགས་མཆོད་འབུལ། མྱ་ངན་གུས་འདུད། ཐུགས་གསོའི་འཚམས་འཕྲིན་གནང་མཁན་ཡོངས་རྫོགས་ལ་བཀའ་དྲིན་བླ་མེད་ཆེ་ཞེས་གསུངས་གནང་སོང་།
དོན་ཚན་གསུམ་པའི་སྐབས་‘‘ང་ཚོ་ཚང་མ་ལ་འགན་ག་རེ་ཡོད་རེད་ཟེར་དུས། སྐྱབས་རྗེ་མཆོག་གི་དགོངས་པ་ག་རེ་ཡོད་རེད། དེ་སྔོན་ཕྱག་ལས་ག་རེ་གནང་གི་ཡོད་རེད། ཕྱག་ལས་དེ་ལ་མུ་མཐུད་རྒྱུ་ཞིག་མ་གཏོགས་དེ་ལ་ཕྱིར་བཤིག་བྱེད་པའི་བསམ་བློ་ཡང་མེད་ལ་བྱེད་ཀྱང་ཐུབ་ཀྱི་མ་རེད། དེ་བྱེད་ཀྱང་སྲིད་ཀྱི་མ་རེད། དེ་ག་ནང་བཞིན་ང་ཚོས་འོ་ད་ང་ཚོའི་དབུ་ཁྲིད་དེ་ཞིང་ལ་ཕེབས་དུས་སྐབས་སུ། ང་རང་ཚོས་སོ་སོའི་ལྟ་བ་འཁྱེར་ཕྱོགས་གསར་བཏོད་འདྲ་པོ་བྱས། སློབ་སྦྱོང་ཡིན་ན་འདྲ། གྲྭ་སྒྲིག་ལམ་གྱི་ཐོག་ནས་འདྲ་ག་རེ་ཐོག་ནས་ཡིན་ན་གསར་བཏོད་ཅིག་བྱས་པ་ཡིན་ན་དེ་འགྲིག་གི་ཡོད་མ་རེད། རྒྱ་ཆེའི་མང་ཚོགས་ཀྱིས་ངོས་ལེན་ཞུ་གི་མ་རེད། ང་ཚོ་རྗེས་ལུས་པ་རྣམས་ཀྱིས་ཀྱང་དེ་འདྲ་བྱེད་སྲིད་ཀྱི་མ་རེད་’’ཞེས་དང་། ‘‘བསླབ་པ་སློབ་སྦྱོང་བྱེད་སྟངས་ཡིན་ན་འདྲ། གྲྭ་སྒྲིག་ལམ་ཡིན་ན་སྔར་སྲོལ་མ་ཉམས་པ་ཞིག་མུ་མཐུད་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཡ་དེ་རིང་ང་ཚོས་ད་ལྟ་རྒྱ་ཆེའི་མང་ཚོགས་ཀྱི་མདུན་ལ་ཁས་ལེན་དང་དམ་བཅའ་ཞུ་གི་ཡོད། གཡུང་དྲུང་བོན་གྱི་བསྟན་པ་ལ་ལྷག་བསམ་དང་དངོས་གནས་སྤྱི་སེམས། དད་པ་ཡོད་མཁན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བཞུགས་རོགས་གྱིས། དེ་ང་ཚོས་ཁས་ལེན་དང་དམ་བཅའ་རེད། དེ་འདྲའི་ཞིག་བསྒྲུབ་མ་ཐུབ་པ་ཡིན་ན། བླ་མའི་དོན་དུ་མིག་ཆུ་གཏོང་བ་ཡིན་ན་འདྲ། བླ་མའི་དོན་དུ་སེམས་སྡུག་ཁུར་ནས་མགོ་སྒུར་བ་ཡིན་ན་དེས་ཕན་གྱི་མ་རེད། ང་ཚོ་རྗེས་ལུས་པ་རྣམས་ཀྱིས་གཙོ་བོ་དེ་རིན་པོ་ཆེའི་དགོངས་གཞི་ག་རེ་ཡོད་པ་དེ་ག་རང་བསྒྲུབ་རྒྱུ་ཡིན་’’ཅེས་སོགས་ལམ་སྟོན་བཀའ་སློབ་བསྩལ་སོང་། གཞན་ཡང་ད་ལམ་འདི་ལྟར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཕྱོགས་མཐའ་ཀུན་ནས་མྱང་ངན་གུས་འདུད་དང་དགོངས་རྫོགས་མཆོད་འབུལ་གནང་བ་ནི་༸སྐྱབས་རྗེ་མཆོག་གི་རླབས་ཆེན་གྱི་མཛད་པའི་འཕྲིན་ལས་ལ་བརྟེན་ནས་བྱུང་བའི་སྐོར་སོགས་ཀྱང་རྒྱས་པར་གསུངས་སོང་། རིན་པོ་ཆེ་མཆོག་གིས་‘‘དེ་ག་ནང་བཞིན་ཆོས་ལུགས་ནང་ཕན་ཚུན་རེད་དེ་ཚོ་ལ་ཡིན་ན་ཡང་ང་ཚོའི་༸སྐྱབས་རྗེ་མཆོག་ལ་ཆོལ་ཁ་ཆོས་ལུགས་རིས་སུ་མ་ཆད་པས་གུས་འདུད་ཞུ་དགོས་ཡ་རྒྱུ་མཚན་ག་རེ་ཡོད་རེད་ཟེར་དུས། ༸སྐྱབས་རྗེ་རིན་པོ་ཆེ་ཁོང་རང་ཡིན་ན་དངོས་གནས་ཆོས་ལུགས་དང་ཆོལ་ཁ་ལ་ནམ་ཡང་ཐེ་ཇུས་གནང་ཡོད་མ་རེད། དེ་འདྲའི་རྩ་བ་གཉིས་ནས་བཀའ་སློབ་གསུངས་ཀྱི་མ་རེད། ང་ཚོ་ལ་གསུངས་ཀྱི་རེད་མི་གཞན་པ་ལ་ཡག་དང་སྡུག་ལབ་རྒྱུ་ཡོད་མ་རེད། ཆོས་ལུགས་གཞན་པ་ལ་ཡག་དང་སྡུག་ཟེར་ཡ། སོ་སོའི་ཕོར་པའི་ནང་ལ་དུག་ཡོད་མེད་ཧ་གོ་གི་མི་འདུག མི་གང་ཟག་གཞན་པ་གཅིག་ལ་ཡག་དང་སྡུག་ཟེར་ནས་ང་ཚོས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་གསུངས་རེད། དེ་རིན་པོ་ཆེའི་དགོངས་གཞི་གཙོ་བོ་གཅིག་རེད། དེ་ང་ཚོས་དེ་ག་རང་གི་ལམ་འགག་དེ་ལ་འགྲོ་དགོས་ཀྱི་རེད།’’ཅེས་སོགས་གསུངས་སོང་།
ལྷག་པར་དུ་བོན་འབངས་ཡོངས་རྫོགས་ཀྱིས་མཁྱེན་གལ་ཆེ་བ་ཞིག་ལ། རིན་པོ་ཆེ་མཆོག་གིས་སྨན་རིའི་ཁྲི་འཛིན་༣༤་པ་བསྐོ་ཕྱོགས་ཐད་ནས་བཀའ་སློབ་ཕེབས་དོན་‘‘ད་མང་པོ་ཅིག་དྲི་བ་ཡོད་རེད། སྨན་རིའི་ཁྲི་འཛིན་སོ་བཞི་པ་དེ་ག་དུས་ཡོང་གི་རེད། ག་འདྲའི་བྱེད་གི་རེད། སུས་བྱེད་གི་རེད། སྐད་ཆ་དེ་འདྲའི་མང་པོ་ཡོང་གི་རེད། དྲི་བ་དེ་རང་བཞིན་གྱིས་སླེབས་ཡ་གཅིག་རེད། ཡིན་ན་དེ་མི་རེ་རེས་ཐག་བཅད་ཡ་མ་རེད། མི་གཅིག་གཉིས་ཀྱི་བསམ་ཚུལ་མཐུན་པ་ལ་བརྟེན་ནས་ཐག་གཅོད་ཡ་ཞིག་ཡོད་མ་རེད། དེ་སྔར་སྲོལ་ནང་བཞིན་གྱིས་དེ་སྔ་བར་དུ་ལ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་སྙུང་དུས་ཡིན་ན་འདྲ། གཤེགས་དུས་ཡིན་ན་འདྲ། དེ་ཚོ་ཚང་མ་སློབ་སྟོན་དེ་ང་ཚོས་སྨན་རིའི་དཔོན་སློབ་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་ཁ་རི་ཁ་ཐུག་གི་ང་ཚོས་འབྲེལ་བ་ཞུས། བཀའ་སློབ་ལམ་སྟོན་དེ་ཚོ་ཞུས་པ་ཡིན། ད་དུང་ཡིན་ན་ཞུ་གི་རེད། མ་འོངས་པ་ཡིན་ན་ང་ཚོས་ཁོང་རང་དངོས་གནས་སྨན་རི་ཚང་གི་སྐུ་ཤ་རློན་པ་རེད། དེ་ཡིན་དུས་ང་ཚོས་བཀའ་སློབ་ལམ་སྟོན་གཞིར་བཟུང་གི་ཐོག་ནས་མ་འོངས་པའི་སྨན་རིའི་ཁྲི་འཛིན་བསྐོ་ཕྱོགས་ཡིན་ན་འདྲ་ག་རེ་ཡིན་ན། དེ་ག་ནང་བཞིན་བོད་ལ་ཡིན་ན་སྔར་སྲོལ་ནང་བཞིན་རེད་ད་ལྟ་གཡུང་དྲུང་གླིང་གི་མཁན་ཆེན་རེད། དེ་ག་ནང་བཞིན་དམུ་རིགས་གཤེན་གྱི་གདུང་རྒྱུད་འཛིན་པ་གཤེན་རིན་པོ་ཆེ་ཁོང་རྣམ་པ་དང་། ང་ཚོ་ཚང་མས་མང་པོ་ཞིག་ལ་གྲོས་བསྡུར་བྱེད་ནས་ཡོང་ཡ་ཞིག་མ་གཏོགས་མི་གཅིག་གཉིས་གྱིས་ཐག་གཅོད་ཡོང་གི་མ་རེད། ངས་ཀྱང་ལན་རྒྱག་ཤེས་ཀྱི་མ་རེད་ལ། ངས་ཀྱང་ཐག་གཅོད་ཤེས་ཀྱི་མ་རེད། དེ་ཡིན་དུས་སྐབས་སུ་ང་ཚོ་རིམ་པ་མང་པོ་ཞིག་གྲོས་བསྡུར་བྱེད་ནས་ཡོང་གི་རེད། དེ་འདྲའི་གྲོས་བསྡུར་བྱས་པ་དེ། གྲོས་བསྡུར་བྱུང་བའི་ཉིན་མོ་དེ་ལ་ཐག་གཅོད་ཅིག་ཡོང་གི་རེད། ཐག་གཅོད་བྱུང་པ་དེ་ལ་རྒྱ་ཆེའི་མང་ཚོགས་ང་རང་ཚོ་གཞིས་བྱེས་བོན་འབངས་ཡོངས་རྫོགས་ཀྱིས་ངོས་ལེན་བྱེད་དགོས་ཀྱི་རེད། ཁས་ལེན་བྱེད་དགོས་ཀྱི་རེད། དེ་མི་གཅིག་གཉིས་ཀྱིས་བསྐོས་བཞག་པ་མ་རེད། ལྷ་དང་སྲུང་མས་བསྐོས་བཞག་པ་དེ་འདྲའི་ཞིག་རེད། སྔ་མ་ཡིན་ན་ཡང་ཁས་ལེན་དམ་བཅའ་ཞུས་པ་རེད། ད་དུང་ཡིན་ན་ལམ་ལུགས་སྲོལ་དེ་ག་རང་འགྲོ་དགོས་ཀྱི་རེད་ཚང་མས་ཡིད་ཆེས་གནང་རོགས་གྱིས་’’ཞེས་ལམ་སྟོན་བཀའ་སློབ་བདུད་རྩིའི་ཟེགས་མ་སྤྱི་བསྩལ་གནང་མཛད་སོང་། དེ་རྗེས་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ཀྱིས་སེར་སྐྱ་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུས་དང་བཅས་མཇུག་བསྡུས་སོང་།
དེ་ལྟར་ཕྱི་ཚེས་༢་ཉིན་གྱི་སྔ་དྲོ་གོང་གསལ་མཛད་རིམ་རྣམས་མཇུག་གྲུབ་རྗེས་མུ་མཐུད་དེ་ཕྱི་ཚེས་༤་སྔ་དྲོའི་བར་ ཉིན་གསུམ་རིང་བསྲེག་བླུག་མཆོད་འབུལ་མཐའ་དག་མཇུག་གྲུབ་པར་གསུངས། ཕྱི་ཚེས་༤་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩་ཐོག་སྐུ་གདུང་ཞུགས་འབུལ་གྱི་མེ་ཐབ་མདུན་དུ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སེར་སྐྱ་མི་མང་ལྷན་འཛོམས་ཐོག་གྲུབ་མཆོད་སྨོན་ལམ་རྒྱས་པར་མཛད་དེ་ཀུན་རིག་ལས་བཞི་རྒྱུན་ལྔའི་དགོངས་རྫོགས་མཆོད་འབུལ་མཇུག་ཡོངས་སུ་གྲུབ་པར་མཛད། གཞན་ཡང་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་ད་ལམ་དགོངས་རྫོགས་མཆོད་འབུལ་དང་འབྲེལ་བའི་ཐོག་མཐའ་བར་གསུམ་གྱི་འགྲོ་གྲོན་ཡོངས་རྫོགས་ངེད་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་ནར་གཏོང་གནང་བཞིན་ཡོད་པར་མ་ཟད། རྒྱ་ཆེའི་དད་ལྡན་པ་རྣམས་ཀྱི་གདུང་འདེབས་མཆོད་འབུལ་གང་ཕུལ་བ་རྣམས་ཀྱང་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་བསྡུ་ལེན་གནང་བ་ལྟར། འདི་གའི་ཚོགས་པས་དམིགས་བསལ་རྩིས་གཉེར་སོགས་བསྐོས་བཞག་གནང་སྟེ་ཕར་སོང་ཚུར་བྱུང་གི་རྩིས་ཕྲ་གཙང་དག་ཐོག་དད་ལྡན་མང་ཚོགས་རྣམས་ཀྱིས་ཆེ་ཕྲ་ཆུང་གསུམ་གྱི་འབུལ་བ་རྣམས་ཆུད་ཟོས་སུ་མ་སོང་བར་དགོངས་རྫོགས་མཆོད་སྤྲིན་གྱི་དགེ་རྩ་རང་དུ་ཐིམས་པར་ཞུས་ཡོད།
གཞན་ཡང་ད་ལན་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སྐབས་བོད་དང་ཕྱི་རྒྱལ་ཡུལ་གྲུ་ཁག རྒྱ་བལ་འབྲུག་གསུམ་སོགས་ནས་དད་ལྡན་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་བྱུང་འདུག་པ་མ་ཟད། སྤྱིར་ན་ཕྱོགས་མཐའ་ཁག་ནས་ཆོས་རྒྱུད་བླ་ཆེན་རྣམ་པའི་སྐུ་ཚབ་དང་། མཐོ་རིམ་དཔོན་རིགས་དང་དཔོན་རིགས་ཟུར་པ་སོགས་གནད་ཡོད་མི་སྣ་མང་པོ་སྔ་ཕྱིར་ཆེད་བཅར་གནང་མུས་དང་། དེ་བཞིན་རྒྱལ་ཕྱི་ནང་ཡུལ་གྲུ་ཁག་ནས་རིས་སུ་མ་ཆད་པའི་བླ་ཆེན་མི་ཆེན་དང་། དགོན་སྡེ་གྲྭ་ཚང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཕྲ། མཁས་པ་དང་ཞིབ་འཇུག་མི་སྣ་སོགས་སྤྱི་སྒེར་མང་པོས་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་ཕྱག་བྲིས་ཕྱི་ཚེས་༡༥་ནས་བཟུང་ད་བར་བསྟུན་མར་འབྱོར་བཞིན་པ་དང་། རྒྱལ་སྤྱིའི་ནང་ཆོས་བརྒྱུད་རིས་སུ་མ་ཆད་པའི་བོན་བན་གྱི་དགོན་སྡེ་དང་། ཆོས་ཚོགས། གཞན་ཡང་ཚོགས་སྡེ་འདྲ་མིན་བཅས་ནས་དགོངས་རྫོགས་མཆོད་འབུལ་ཞུས་པ་སོགས་མདོར་ན་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ་མེད་པར་ཕྱོགས་ཡོངས་ནས་གདུང་སེམས་མྱ་ངན་དང་། དད་གུས་མཆོད་འབུལ་སོགས་བསམ་ཡུལ་ལས་འདས་པ་བྱུང་བ་སྟེ་འདི་ལྟར་ད་བར་ཧ་ལམ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཚོད་དུ་ཡིན་པ་ནི་༸སྐྱབས་རྗེ་བདེ་བར་གཤེགས་པ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་རྗེས་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས། རང་ཅག་ཤུལ་ལུས་བོན་འབངས་ཡོངས་ཀྱི་གཟི་བརྗིད་དང་། མ་འོངས་རྗེས་འཇུག་རྣམས་ཀྱིས་མིག་དཔེར་འོས་པ་ཞིག་ཡིན་པ་ནི་སྨོས་མ་དགོས་སོ། །
ཞེས་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཟུང་དྲུང་བཀའ་རམས་པ་གཡུང་དྲུང་སྐལ་བཟང་གིས།
ཕྱི་ལོ་༢༠༡༧་ཟླ་༡༠་ཚེས་༤་ཉིན།