འཇོ་མདའ་སྟག་ཞིག་དགོན་གྱིས་རྒྱལ་བ་སྨན་རི་བ་མཆོག་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-10-01 23:24:14][རྩོམ་པ་པོ། ​སྟག་ཞིག་དགོན་གྱི་ལས་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506871745133970.jpg

1506871745128449.jpg

   འཇིག་རྟེན་གྱི་ཐོག་ཏུ་ཆོས་དང་འཇིག་རྟེན་ཚོགས་པ་དང་མི་སྒེར་གང་ཞིག་ཡིན་རུང་སྐྱབས་ཀྱི་རེ་ལྟོས་བཅོལ་ཡུལ་ཞིག་མེད་པ་གཏན་ནས་མི་སྲིད། གངས་ཅན་བོད་ཀྱི་ཆོས་རིག་གི་ཡང་མེས་གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པ་དག་ལ་མཚོན་ན་མགོ་ཡ་ཐོད་ནང་གི་མིག་དང་ཁོག་དོན་ལྔ་ནང་གི་སྙིང་ལྟར་གཅེས་པའི་སྐྱབས་རྗེ་རྒྱལ་བ ༧ སྨན་རིའི་མཁན་རབས་སོ་གསུམ་པ་མཆོག་མི་རྟག་ཞི་དབྱིངས་སུ་གཤེགས་པ་ནི་སྤྱིར་ཁ་བ་གངས་ཅན་པའི་སྐྱེ་འགྲོ་ཡོངས་དང་ལྷག་པར་དུ་རྒྱལ་བ་གཤེན་གྱི་བསྟན་སྒོར་ཞུགས་པའི་སྐྱ་སེར་ཐུན་མོང་ཕ་མེད་ཀྱི་དྭ་ཕྲུག་ཁེར་འགྲོ་ནང་བཞིན་གྱུར་པ་དང་སོ་སོར་མ་དམིགས། རྒྱུ་མཚན་དེས་ན་ཁམས་ཡན་ལག་ཚོགས་པའི་ཚོགས་གཙོ་དཔལ་ཤར་རྫའི་རྒྱལ་ཚབ་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་ཀྱང་རྒྱལ་ཕྱི་ནང་ཀུན་ན་གནས་པའི་སྤྱི་བོ་གནམ་བསྟན་གྱི་བོན་འབངས་ཡོད་དོ་ཅོག་གིས་ཡིད་སྐྱོ་བའི་ངང་ནས་དགོངས་རྫོགས་དགེ་རྩ་སྒྲུབ་པའི་དུས་ཀྱི་ཆར་ང་ཚོ་ཁམས་ཕྱོགས་ཀྱི་བོན་དགོན་ཚང་མས་ཀྱང་དམ་པ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། ཚོགས་བསགས་མཆོད་འབུལ། མྱ་ངན་གུས་འདུད།   སྐྱ་འདུ་སེར་འཚོགས། སྡིག་སྤང་དགེ་སྒྲུབ་དགོས་པའི་བཀའ་མངག་གནང་བ་ལྟར། 

1506871745110079.jpg
1506871746902333.jpg

   འདིར་སྟག་ཞིག་དགོན་གྱི་བླ་སྤྲུལ་དགེ་འདུན་ཚང་འཛོམས་ཐོག་འདི་ལྟའི་ཡིད་སྐྱོའི་གནས་ཚུལ་ཐོས་མ་ཐག་ནས་སྒྲུབ་ཁང་ནང་དུ་དམ་པ་མཆོག་གི་སྐུ་པར་མདུན་དུ་རྣམ་ལྔའི་མཆོད་པ་བཤམས་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་། ལྷ་བོན་ཡན་ལག་བརྒྱད་པ། བོན་སྐུའི་སྨོན་ལམ་སོགས་སྒྲིག་འདོན་བྱས་ཤིང་གསོལ་འདེབས་སྨོན་ལམ་བགྱིས་པ་དང་། དགུང་ཞག་ཞག་གསུམ་ཉིན་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུས་ཤིང་མཇུག་ཏུ་བླ་སྤྲུལ་དགེ་འདུན་ཡོངས་ནས་མི་རེ་རེ་བཞིན་དགུང་ཞག་ཞེ་དགུའི་རིང་སོ་སོས་འགྲུབ་ངེས་ཀྱི་དགེ་རྩ་སྣ་རེ་སྐུ་པར་མདུན་ནས་ཁས་ལེན་ཞུས་པ་དང་། དགུང་ཞག་བདུན་དང་པོ་ནས་གཉིས་པའི་བར་ཞག་མ་བདུན་གྱི་རིང་སྟག་དགོན་སྒྲུབ་སྡེས་གཙོ་འགན་བཞེས་ཏེ་བླ་སྒྲུབ་འདོད་འབྱུང་རིན་ཆེན། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ། ཡེ་ཤེས་དབལ་མོའི་ཡང་གསང་ཐུགས་སྒྲུབ། མཉམ་མེད་བླ་སྒྲུབ་སོགས་ཀྱི་ཚོགས་འཁོར་ཉིན་རེ་བཞིན་ཕུལ་ཅིང་དྲན་པ་ཡང་གསང་དང་དབང་སྒྲུབ་གསང་སྒྲུབ་སོགས་དཀྱིལ་འཁོར་མང་པོའི་ཞལ་ཕྱེས་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྟག་ཞིག་དགོན་གྱི་རྟེན་གསུམ་རྩ་ཆེན་བྱིན་ལྡན་རྣམས་བཤམས་ཏེ་ལྷ་སྡེ་མི་དམངས་ཡོངས་ལ་མཇལ་ཁ་ཕྱག་འབུལ་ཞུར་བཅུག་སྟེ་དགེ་སྒྲུབ་སྡིག་སྤང་གི་གཡར་དམ་བཅས་ཤིང་བདེ་ཆེན་རྒྱལ་པོ་དབྱངས་སུ་གྱེར་ཞིང་གསོལ་བ་སྨོན་ལམ་བཏབ་པ་དང་། དགུང་ཞག་ཞེ་དགུ་མཇུག་སྒྲིལ་ཉིན་ལའང་ཆོ་ག་དང་ཚོགས་འཁོར་རྒྱས་འབུལ་དགོན་གྱི་ཁོར་ཡུག་ཏུ་སྣང་གསལ་སྒྲོན་མེའི་མཆོད་པ་དབུལ་རྒྱུའི་འཆར་འགོད་བྱས་ཤིང་རང་ཅག་ལྟོས་བཅས་རྗེས་འཇུག་ཡོངས་རྫོགས་ཐུགས་ཡིད་དབྱེར་མེད་འདྲེས་ཤིང་མཐར་ཐུག་ཚོམ་བུ་ཡུག་གཅིག་ཏུ་ངེས་དོན་ཀུན་ཏུ་བཟང་པོའི་རྒྱལ་སར་བསྙེགས་པའི་སྨོན་ལམ་ཡང་ཡང་བཏབ་སྟེ་དམ་པ་ཉིད་ལས་མི་གཞན་པའི་ཞལ་ཚབ་གསེར་ཁྲིར་བདེར་འཁོད་ཡོང་བའི་གསོལ་སྨོན་བཏབ་པ་ཀུན་གེགས་མེད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །

1506871746404283.jpg

   དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
1506871746135012.jpg

སྟག་ཞིག་དགོན་གྱི་ལས་འཛིན་ཐུན་མོང་གིས་སྤྱི་ལོ་༢༠༡༧   ༡༠   ༡ ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།