མཛོད་དགེ་དགུ་སྐྱང་དགོན་ནས་དགོངས་རྫོགས་འཚོགས་པ།

[ཟླ་ཚེས། 2017-09-26 15:39:53][རྩོམ་པ་པོ། དགུ་སྐྱང་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཛོད་དགེ་དགུ་བའི་སྐྱང་ཚང་དགོན་གཡུང་དྲུང་རྣམ་རྒྱལ་ཀུན་གྲགས་གླིང་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་དགོངས་རྫོགས་འཚོགས་གནང་བཞིན་པ།

1506411907104726.jpg
1506411907107286.jpg

   ༧ དེ་ཡང་སྤྱི་ལོ་༢༠༡༧ཟླ་༩ཚེས་༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཞག་གསུམ་དྲོས་བཞིའི་ཐོག་ཏུ།༧དགུ་བའི་སྐྱང་ཚང་དགོན་གཡུང་དྲུང་རྣམ་རྒྱལ་ཀུན་གྲགས་གླིང་གི་སྐྱབས་མཆོག་སྐྱང་སྲས་རིན་ཆེན་རྒྱལ་མཚན་རིན་པོ་ཆེ་ཚང་གཙོར་བྱས་ཏེ།

1506411907843939.jpg

    དགོན་པའི་དོ་དམ་བཅས་ཀྱི་༧གོང་ས་༧སྐྱབས་རྗེ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཐུགས་དགོངས་ཟབ་མོ་བོན་ཉིད་བདེ་ཆེན་དབྱིངས་སུ་མངོན་པར་རྫོགས་ཤིང་། སླར་ཡང་སྲིད་རིན་པོ་ཆེ་མྱུར་འབྱོར་ཏེ། སྲིད་མཐའ་མ་སྟོང་བར་དུ་བསྟན་དང་འགྲོ་དོན་མཐའ་ཡས་པ་མཛད་པའི་དགོངས་བཞེད་བླ་ན་མེད་པ་ཡོངས་སུ་འགྲུབ་པའི་ཕྱིར་དང་། རིས་མེད་ཆོས་ལུགས་གྲུབ་མཐའ་ཁག་གི་བླ་སྤྲུལ་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ནས་མཛད་པའི་འཕྲིན་ལས་རྒྱས་པ། སངས་རྒྱས་གྱི་བསྟན་པ་དར་བ་དང་། འཛམ་གླིང་ཞི་བདེ་འཆམ་མཐུན་ཡོང་བ་དང་། མར་གྱུར་འགྲོ་དྲུག་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་དོན་ཕྱིར་དུ། རྣམ་དཀར་གྱི་དགེ་རྩ་བསྒྲུབ་ཐབས་ཐུགས་བཀོད་བཀའ་གསུང་གནངས་བ་ལྟར།དགེ་འདུན་གྲྭ་ཚང་ནས་མཆོད་ཡོན་རྒྱས་པ་བཤམས་ནས། བླ་མའི་གསོལ་འདེབས་ཅི་རིགས་དང་། མདོ་གཡུང་དྲུང་ཀློང་རྒྱས་ཆོ་ག་སྐུ་གསུམ་སྨོན་ལམ་དང་བཅས་གསུངས་པ་དང་།དད་ལྡན་དགུ་བའི་ཤོག་ཀའི་མི་སྐྱ་ཕོ་མོ་རྣམས་ཀྱིས་ཕྱག་སྐོར་མཆོད་འབུལ་དང་། སེམས་ཅན་ཚེ་ཐར་ཅི་ནུས་སོགས་ཀྱི་སྒོ་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་བྱེད་བཞིན་པ་རེད།

1506411994864379.jpg
༧ཨེ་མ་ཧོ།

རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།།

མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།།

ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།

ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།
1506411907215976.jpg

༧ བླ་མ་ཁྱེད་ནི་འཁོར་འདས་རང་དབང་བསྒྱུར།།

བདག་སོགས་རྗེས་འབྲང་གསོལ་འདེབས་བུ་རྣམས་ལ།།

ནམ་མཁའི་མཐའ་དང་བྲལ་བའི་འགྲོ་དོན་སྩོལ།།

མཐོང་ཐོས་དྲན་རིག་གྲོལ་བ་བྱིན་རླབས་སྩོལ།།

རྒྱུ་དྲུག་དོང་ནས་སྤྲུགས་པའི་ཐུགས་རྗེ་སྩོལ།།

འབྲལ་མེད་རྒྱུན་དུ་འགྲོགས་པའི་སྨོན་ལམ་སྩོལ།།

མཉམ་མེད་ཐུགས་རྗེས་རྒྱུན་དུ་བཟུང་དུ་གསོལ།།

འདི་སོགས་དུས་གསུམ་དགེ་བ་ཅི་བགྱིས་པ།།

དེ་རྙེད་འགྲོ་ཀུན་རྣམ་མཁྱེན་འཐོབ་ཕྱིར་བསྔོ།།

ཇི་སྲིད་རྫོགས་པའི་སངས་རྒྱས་མ་ཐོབ་པར།།

དེ་སྲིད་གནས་ངན་ལུས་སྤང་དལ་འབྱོར་འཐོབ།།

བསླབ་གསུམ་རྒྱུད་ཁྲོལ་ས་ལམ་དུས་གཅིག་བགྲོད།།

རྫོགས་སངས་རྒྱས་ནས་མཁའ་མཉམ་དོན་བྱེད་ཤོག།
1506411907898245.jpg

དགུ་བའི་སྐྱང་ཚང་དགོན་གཡུང་དྲུང་རྣམ་རྒྱལ་ཀུན་གྲགས་གླིང་འདུས་སྤྱི་ནས།
སྤྱི་ལོ་༢༠༡༧ལོ་ཟླ་བ་༩་པའི་ཚེས་༡༧ཉིན།

1506411907101038.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།