གནས་བབ་ཀྱི་འཕྲིན་ཚིག
[ཟླ་ཚེས། 2017-09-26 15:15:58][རྩོམ་པ་པོ། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཛམ་གླིང་ཕྱི་ནང་ཀུན་གྱི་བོན་པོ་ཚོར། ཉེར་གཅིག་བསྐལ་པའི་ཁུག་ཆེན་ཐ་མ་ལ། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་བ། ཁྲི་འཛིན་སོ་གསུམ་མཆོག་གི་ཐུགས་རྗེ་ལས། ཞང་བོད་ཤེས་རིག་མེས་པོའི་གནས་ལྔ་དང།་ཁྱད་པར་མདོ་སྔགས་སེམས་གསུམ་བསྟན་པའི་སྙིང་།ཐོས་བསམ་སྒོམ་སྒྲུབ་འཆད་ཉན་ཤིིང་རྟའི་སྲོལ། བཅུ་པའི་སྟོན་པ་མེ་སྒྲོན་ཐུག་གི་བར། མི་ཉམ་སྤེལ་བའི་གཤེན་བསྟན་སྨན་རི་བའི། གཙུག་རྒྱན་་མཁན་པོ་ཁྱེད་ལ་རྟག་ཏུ་བཀུར།
མཚམས་སུ་ཞུ་དོན། དེང་གི་ཆར་མུན་སྣང་གི་བསྐལ་པ་འུ་ཅག་ཚོ་ལ་དངོས་སུ་ཤར་ཏེ་སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་དགོངས་པ་བོན་ཉིད་ཀྱི་གཤིས་ལས་མ་གཡོས་ཀྱང། གཟུགས་སྐུ་སྟོང་གཟུགས་སྒྱུ་མའི་རང་བཞིན་གྱི་རོལ་པ་དེ་གཞི་ལ་དེངས་ཚུལ་གྱི་བཀོད་པ་མཐོང་ཚེ་བོན་འབངས་སེར་སྐྱ་ཀུན་སྡུག་བསྔལ་འབའ་ཞིག་གི་གནས་སུ་གྱར་ཡོད། ལྷག་པར་དུ་གཤེན་བསྟན་སྨན་རི་དགོན་གྱི་བླ་སློབ་འདུས་སྡེ་ཚོས་ཉིན་མཚན་བར་མེད་སྐྱོ་སྡུག་སྨྲེ་ངག་གི་ངང་ནས་༧སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུས་པའི་བཤད་སྒྲུབ་འདུས་སྡེས་གདུང་མཆོད་ཀྱི་ཕྱག་ལས་སྐྱོང་བཞིན་ཡོད་མོད། འོན་ཀྱང་དུས་གསུམ་སྟོན་པ་དང་ས་ཐོབ་སེམས་དཔའ་སྐྱེས་ཆེན་གང་འདྲ་ཞིག་ཡིན་ཡང་རྟག་འཛིན་ཅན་རྣམས་སུན་ཕྱུང་པའི་ཕྱིར་སྐུ་ཡི་བཀོད་པ་བསྡུ་ངེས་ལགས་ན་ང་ཚོ་བོན་འབངས་ཡོངས་ཀྱི་རབ་འབྲིང་ཐ་མའི་ཚུལ་དུ། རབ་ན་མི་ཚེའི་བར། འབྲིང་ན་ལོ་འཁོར་གྱི་བར། ཐ་ན་དགོངས་ཞག་ཞེ་དགུའི་བར་སོགས་ལ་གདུང་མཆོད་ཀྱིས་ཚུལ་དུ་ཚོགས་བསགས་མཆོད་འབུལ་དང་། དགེ་སྒྲུབ་སྡིག་སྤང་གིས་ལས་ལ་བརྩོན་རྒྱུ་ནི་མི་རེ་རེའི་འོས་འགན་ཞིག་ལོས་ཡིན་བསམ། ལྷག་པར་དུ་དམ་པ་མཆོག་གིས་བསྟན་འགྲོ་གཉིས་ཀྱིས་ཆེད་དུ་སྐུ་ཚེ་ཧྲིལ་པོ་མཛད་པ་བསྐྱངས་ལུགས་ལ་སློབ་སྦྱོང་དང། བཞེད་དགོངས་གྱི་འཕྲོ་ལུས་པ་རེ་ཡོད་སྲིད་ན་ང་ཚོ་ཚང་མའི་འཕྲག་ཐོག་ལ་བབས་པའི་ལས་འགན་གལ་ཆེན་ཞིག་རེད་བསམ། མ་ཟད་སྐྱབས་རྗེ་མཆོག་གི་ཐུགས་གཏད་གཙོ་བོ་གྲྭ་ས་ཕྱི་ནང་ཡ་བཞི་ལ་བཞུགས་པའི་བླ་སློབ་འདུས་སྡེ་རྣམས་དང་།དེ་ཡི་འོག་ཏུ་ཡོད་པའི་བོན་འབངས་ཡོངས་ཀྱི་དགོན་པ་རི་ཁྲོད་བླ་སྤྲུལ་དགེ་བའི་བཤེས་གཉེན་གྲ་བཙུན་ཕོ་མོ་ཀུན་བསྟན་འགྲོའི་དོན་དུ་མཐུན་འབྲེལ་དམ་ཟབ་ཐུགས་མཐུན་ཁྲིམས་གཙང་གཅིག་ཕན་གཅིག་གྲོགས་མཛད་དགོས་རྒྱུ་ནི་ཁོང་རིན་པོ་ཆེ་ཡི་དོན་དམ་པའི་གདུང་མཆོད་འམ་ཐུགས་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་རེད་སྙམ་ཞུ་ཞུ།
སླར་སྨྲས་པ། རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་ནས། ད་ལྟའི་སྐྱབས་རྗེ་ཁྲི་འཛིན་སོ་གསུམ་བར། དུས་ཚོད་འཕོ་འགྱུར་ཇི་ལྟར་བྱུང་ན་ཡང། ཡེ་ཤེས་ལྷ་ཡི་བསྐོས་པའི་མཁན་རྒྱུད་དེ། མ་ཆད་ཆུ་རྒྱུན་ལྟ་བུ་གནས་ལགས་ན།དམ་པ་མཆོག་གི་རྒྱུན་འཛིན་མཁན་བུ་ཞིག། སེར་སྐྱ་ཡོངས་ཀྱི་རེ་ལྟོས་སྐྱབས་ཀྱི་མགོན། གདམ་བསྐོས་མ་ཐུབ་བློ་བུར་ནུབ་རིེར་གཤེགས། འདི་ཡི་ཚུལ་སོགས་དཔྱད་ན་ཤིན་ཏུ་སྐྱོ།
ཉག་རོང་བྱ་བཏང་སྤྲུལ་མིང་པ་ཤེར་བློ་ནས།