ཁྱུང་པོ་རྩེ་དྲུག་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 20:54:16][རྩོམ་པ་པོ། རྩེ་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506257952430016.jpg

   ཉེ་ཆར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་འགྲོའི་སྤྱི་མགོན་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་ཕྲལ།    

1506257952333625.jpg

   བསྟན་པའི་སྒྲོན་མེ་གཟིམས་ཤིང་བསྟན་འགྲོ་སྤྱི་ལ་ཕམ་ཁ་དང་གོད་ཆགས་ཚབས་ཆེན་ཕོག་པའི་ཡིད་སྐྱོ་བའི་གནས་ཚུལ་ལ་སྐྱོ་གདུང་དྲག་པོའི་གདུང་སེམས་མཉམ་བསྐྱེད་དང་།   

1506257952112575.jpg

    མགོན་པོ་གང་ཉིད་སྐུ་འཚོ་བཞུགས་ཀྱི་རིང་སྤྱིར་ན་བསྟན་འགྲོ་ཡོངས་དང་།   སྒོས་སུ་གཡུང་དྲུང་བོན་གྱི་བསྟན་འགྲོ་སྤྱི་ལ་སྨན་པའི་རླབས་ཆེན་གྱི་མཛད་ཕྲིན་བཟང་པོའི་བཀའ་དྲིན་རྗེས་སུ་དྲན་བཞིན་དད་འདུན་ཡི་རངས་དང་བཅས།    

1506257952119882.jpg

   སྤྱི་ལོ་༢༠༡༧ལོའི་ཟླ་བ་༩ཚེས་༡༧ཉིན།   ངེད་ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གླིང་གི་མཁན་སློབ་འདུས་པ་རྒྱ་མཚོ་རྒྱས་འཛོམས་ཀྱི་སྒོ་ནས་གདུང་འདེབས་མཆོད་འབུལ་གྱི་ཆེད་དུ།    གཡུང་དྲུང་ཀློང་རྒྱས་ཀྱི་མཆོད་སྦྱིན་རྒྱས་པར་ཕུལ་ཤིང་། 

1506257952680031.jpg

  དགོང་མོར་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་རྣམ་ལྔ་ལས་སོགས་པའི་མཆོད་བཤམས་གང་འབྱོར་བཤམས་ནས།   བླ་མ་རྒྱང་འབོད་དང་།   གསོལ་འདེབས།   སྨོན་ལམ་དང་བཅས་དགོངས་རྫོགས་མཆོད་འབུལ་ཅི་ནུས་ཞུས་པ་དང་ཆབས་ཅིག   དགེ་སློབ་གང་མང་ཞིག་གིས་དགོངས་ཞག་ཞེ་དགུའི་རིང་དམར་ཟས་སྤངས་ཤིང་གསོལ་འདེབས་དང་སྨོན་ལམ་སོགས་དགོངས་རྫོགས་ཀྱི་དགེ་རྩ་ལ་བརྩོན་པའི་དམ་བཅའ་མཛད་ཅིང།   

1506257952119451.jpg

 ལྷ་སྡེ་མང་ཚོགས་རྣམས་ལ་ཡང་དེ་བཞིན་དགོངས་རྫོགས་ཀྱི་དགེ་རྩ་ལ་འབད་དགོས་པའི་དགེ་བསྐུལ་མཛད་དང་མཛད་མུས་སུ་ཡོད་པ་དང་།  སྤྱིར་ན་ཞག་གསུམ་རིང་ཚོགས་ཁག་སོ་སོ་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་མྱ་ངན་གདུང་ཚོར་གྱི་སྐྱོ་བ་དྲག་པོས་མཆོད་པ་གང་འབྱོར་བཤམས་ནས།   བླ་མ་མཆོད་པ་དང་།    བླ་མ་རྒྱང་འབོད།   གསོལ་འདེབས།    སྨོན་ལམ་སོགས་མྱ་ངན་གདུང་མཆོད་ལ་བརྩོན་པ་བཅས་སོ།། 

                   ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་ཤེལ་ལེ་རྒྱ་སྐར་གླིང་གི་འདུས་སྤྱི་ནས།།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།