ཀན་ལྷོའི་ཐེ་བོ་རྩྭ་རིང་དགོན་ནས་༧རྗེ་སྨན་རི་བ་ཚང་ལ་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-22 21:55:39][རྩོམ་པ་པོ། ཨུ་ཡོན་ལྷན་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170922213312.jpg微信图片_20170922213252.jpg

 མདོ་སྨད་ཐེ་བོའི་རྩྭ་རིང་དགོན་བཤད་སྒྲུབ་གཡུང་དྲུང་དར་རྒྱས་གླིང་ནས་རྗེ་སྨན་རི་བ་ཚང་ལ་མྱ་ངན་གདུང་མཆོད་ཞུས་པའི་གནས་ཚུལ་མདོར་བསྡུས།

བཤེས་གཉེན་སངས་རྒྱས་ཀུན་གྱི་ཁུངས་ཡིན་ཕྱིར།། བདེར་གཤེགས་སྟོང་ལས་སྐུ་དྲིན་ལྷག་པའི་རྗེ།།

དཔལ་ལྡན་སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག། ལུང་རྟོགས་བསྟན་པའི་ཉི་མས་གཟིགས་ཤིང་སྐྱོབས།།

སྤྲིན་པ་དག་པའི་སྙིང་གི་ཀློང་ཡངས་ན།། ཁ་དོག་གསལ་བའི་དར་རས་ཡུག་གཅིག་ཐོག།

སྐུ་བརྗིད་སེང་གེའི་དཔལ་འཛིན་རྗེ་བོ་ལགས།། གུས་པའི་ཐལ་ཕྱག་རྟག་ཏུ་ཉིད་ལ་སྦྱར།།

 微信图片_20170922213226.jpg微信图片_20170922213302.jpg

     སངས་རྒྱས་མིའི་མགོན་དུ་བྱོན་པ་གོང་ས་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མའི་གཟུགས་སྐུའི་བཀོད་པ་བོན་ཉིད་ཀློང་དུ་ཐིམ་སོང་ཞེས་མགོ་ཐོག་ཏུ་ཉི་མ་ས་ལ་ལྷུང་བ་ལྟ་བུའི་གཏམ་ངན་སྡུག་གི་ཕོ་ཉས་སྤྲོ་དགའི་རྣ་ལམ་དུ་བསྐྱལ་ཡོང་བ་ནས་བཟུང་། རང་ཅག་དད་འབངས་ཡོངས་ཀྱི་སྙིང་ཐོག་ལ་ཕ་བོང་རྒྱ་མ་སྟོང་གི་ལྗིད་ཚད་ཀྱིས་ཧྲིལ་གྱིས་མནན་པ་ནང་བཞིན་ལྗིད་ཡོར་ཡོར་བྱས་ཤིང་སྐྱོ་བ་དྲག་པོ་ཞིག་གིས་རུས་པའི་གཏིང་ནས་དབང་མེད་ཐབས་མེད་ཀྱིས་མཆི་མ་ཅི་སྟེ་འབྱིན་མི་སྲིད། སྐབས་དེར་དད་པ་ཡོད་མཁན་ཡོད་དོ་ཅོག་གིས་སེམས་ཁོང་ལ་སྡུག་གིས་བཞག་པའི་ན་ཟུག་བཟོད་མེད་ཅིག་གིས་ངུ་འབོད་བྱེད་ཀྱི་ཡོད། སྐབས་དེར་སྨྱུག་ཐོགས་པ་རྒན་གཞོན་ཀུན་གྱིས་སོ་སོའི་སྙིང་དབུས་སུ་ཉར་བའི་སྣང་བ་སྐྱོ་པོ་དང་སྡུག་བསྔལ་ཡོད་ཚད་ཀྱི་སྣང་བརྙན་ཡི་གེའི་གཟུགས་སུ་བཞེངས་ནས་ཀློང་དུ་བཞུགས་པའི་རྗེ་ཚང་གི་སྤྱན་གཟིགས་སུ་འབུལ་ཐབས་ཀྱིས་མྱ་ངན་ནམ་གདུང་མཆོད་ཞུ་སྒང་དུ།      འཛམ་གླིང་གི་འོད་ཆེན་༧སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་ཚང་གི་ཞལ་ནས་མིག་མཆི་མའི་ཁྲོད་དུ་སྡུག་བསྔལ་བའི་དད་འབངས་ཀྱི་སེམས་གསོའི་བདུད་རྩིའམ་གདམས་ངག་བྱོན་པ་སྟེ།     རང་ཅག་ཐམས་ཅད་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་དད་མོས་ཀྱིས་འབྲངས་ཤིང་གཡུང་དྲུང་བོན་གྱི་བསྟན་པའི་སྒོར་ཞུགས་པའི་ཆོས་ལུགས་པའི་མིང་ཙམ་འཁུར་མཁན་ཤ་སྟག་ཡིན་སྟབས། སྡུག་གི་བྱིངས་སུ་མིག་ཟུང་གི་གཏིང་ནས་མཆི་མ་ཕྱུང་བ་ཙམ་དང་མིད་པའི་ཁོག་ནས་གདུང་དབྱངས་འཐེན་ཐབས་ཀྱིས་མྱ་ངན་ནམ་གདུང་མཆོད་ཞུས་པ་ནི་ཐབས་ཧ་ཅང་རྡུགས་ཤིང་བློ་ཤིན་ཏུ་རྨོངས་པའི་གནས་སུ་གཟིགས་ཏེ། སྒོ་གསུམ་དད་མོས་ཀྱིས་ནག་ཕྱོགས་སྡིག་པའམ་གཞན་ལ་གནོད་པའི་ལས་རིགས་སོ་ཅོག་གང་ཐུབ་ཀྱིས་སྤངས་ཤིང་རྣམ་དཀར་དགེ་བའི་ཕྱོགས་ཀྱི་ལས་རྣམས་ལ་ཅི་ནུས་ཀྱིས་འབད་བརྩོན་ཧུར་ལེན་བྱེད་ཐབས་ཀྱི་ཤེས་རབ་ཀྱི་བློ་མིག་བསྩལ་བ་བཞིན། ངེད་དགོན་གྲོང་ཀུན་ནས་བླ་མས་ཅི་གསུངས་བཀའ་ལྟར་དང་ལེན་ཞུ་ཐབས་ལ་ཞུགས་ཁུལ་བྱས་ཏེ་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་ལ་གྲྭ་པ་ཡོངས་རྫོགས་ཚོགས་ཆེན་འདུ་ཁང་དུ་ཚོགས་ནས་སྐྱེ་སྒོ་གཅོད་པའི་གཞུང་གི་མགོ་མཇུག་བར་གསུམ་དཀར་གསུར་དང་བཅས་རྫོགས་པར་བཏོན་པ་ཡིན། ཟླ་དེའི་གནམ་སྟོང་ལ་སྔར་གྱི་མདུང་མཆོད་ཀྱི་འཕྲོ་ཡང་མཐུད་པའི་ལས་སུ་ཞུགས་ཏེ་གྲྭ་པ་ཡོངས་རྫོགས་ཚོགས་ཆེན་འདུ་ཁང་དུ་ཚོགས་ནས་གྲྭ་པ་རྣམས་སྐོར་གཉིས་སུ་བགོས་ཏེ། སྐོར་གཅིག་གིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་དང་སྐོར་ཅིག་ཤོས་ཀྱིས་རྗེ་རྒྱལ་བ་མཉམ་མེད་ཚང་གི་བླ་སྒྲུབ་ཀྱི་གཞུང་བསྲངས་ནས་མགོ་མཇུག་ཕུན་སུམ་ཚོགས་པའི་མཐར་བསྔོ་བ་སྨོན་ལམ་རྣམ་དག་གི་རྒྱས་ཐེབས་པ་ཞིག་བཏོན་པ་ཡིན། དད་པ་ཅན་གྱི་སྐྱ་བོ་ཕོ་མོ་རྒན་དར་གཞོན་གསུམ་གྱིས་ཉིན་ཧྲིལ་བོར་སངས་རྒྱས་སྟོང་གི་སྐུ་གདུང་སྐུ་གཟུགས་གསུང་རབ་འཛོམས་པའི་ཚོགས་ཚེན་འདུ་ཁང་གི་མཐར། ཡིད་དད་པ་མོས་འདུན་གྱིས་བརླན་ཏེ་ངག་མ་ཏྲིའི་དབྱངས་ཀྱིས་གདངས་ཤིང་ལུས་སྐྱོ་བ་མྱ་ངན་གྱིས་དེད་ནས་སྐོར་བ་བློར་བབས་པ་ཞིག་ཞུས་སོ།།

 微信图片_20170922213518.jpg微信图片_20170922213527.jpg

     དགོན་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་པ་བཞིན་མང་ཚོགས་ཀྱིས་གཟབ་ནན་གྱིས་གྲོས་བསྡུར་བྱས་མཐར། སླར་ཡང་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནས་བཅུ་བདུན་གྱི་དགོང་མོའི་བར་དུ་བོན་གྱི་སྲུང་མའི་ཚོགས་སྟོང་དང་དུ་ཏྲི་སུའི་སྒྲུབ་གཞུང་བཅས་འགོ་སེམས་བསྐྱེད་སྐྱབས་འགྲོ་ནས་བཟུང་སྟེ་རྗེས་བསྔོ་བ་སྨོན་ལམ་རྣམ་དག་གིས་ཐེབས་པ་ཞིག་གདོན་རྒྱུའི་གྲོས་ཆོད་བྱུང་། ངེད་མདོ་སྨད་ཐེ་བོའི་རྩྭ་རིང་དགོན་བཤད་སྒྲུ་གཡུང་དྲུང་དར་གླིང་ནས་དེ་ལུགས་བཞིན་མདུང་མཆོད་ཞུ་ཐག་ཆོད་ཡིན་ཞིང་ད་ལོའི་རྗེ་རྒྱལ་བ་སྨན་རི་བ་ཚང་ལ་མྱ་ངན་གདུང་མཆོད་ཞུས་པའི་གནས་ཚུལ་མདོར་བསྡུས་མཚམས་འདི་ནས་མཇུག་ལེགས་པར་རྫོགས་སོ།། 

     ཞེས་མདོ་སྨད་ཐེ་བོའི་རྩྭ་རིང་དགོན་པའི་ཨུ་ཡོན་ལྷན་ཚོགས་ནས་བོན་ཉིད་དབྱིངས་ཀྱི་༧རྗེ་སྨན་རི་བ་ཚང་ལ་རྣམ་དག་མཆོད་སྤྲིན་གྱི་ཚབ་ཏུ་བྲིས་པ་བཞིན་གྱུར་ཅིག་གུ། ༢༠༡༧/༩/༢༡

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།