གཡུ་རི་ཆེས་མཐོའི་བཤད་སྒྲུབ་འདུས་སྡེ་ནས་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-21 22:52:18][རྩོམ་པ་པོ། གཡུ་རི་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506006705332076.jpg

1506006706641259.jpg

   ཀྱེ་མ། ཀྱེ་ཧུད། ཡངས་པའི་རྒྱལ་ཁམས་ཀྱི་འགྲོ་བ་སྤྱི་དང་སྒོས་སུ་རང་ཅག་གནམ་འོག་གི་བོན་འབངས་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པའི་ལྷ་སྐལ།༧གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ན་མ་མཆིས་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག  གདན་ས་སྨན་རིའི་གླིང་གི་བླ་བྲང་དུ་༢༠༡༧་ཟླ་༩་ཚེས་༡༦་ཕྱི་དྲོའི་ཆུ་ཚོད་༦་༢༥སྟེང་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་རྗེས། མགོན་པོ་གང་གི་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པའི་ཤུལ་ལུས་༧གཡུང་དྲུང་བོན་གཡུ་རི་ཆེས་མཐོའི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་རྫོགས།

   བཟོད་མེད་བློ་ཕམ་དང་།  ཡིད་སྐྱོའི་གདུང་འབོད་ཀྱི་སྨྲེ་ངག་འདོན་བཞིན་སྐྱེ་དགུའི་བོན་འབངས་ཡོངས་དང་ལྷན་དུ་སེམས་རྒྱུད་སྡུག་གིས་གང་ཞིང་།

གདོང་པ་མིག་ཆུས་བརླན་ཏེ།  མྱ་ངན་མཉམ་ཞུ་དང་།  གདུང་སེམས་མཉམ་བསྐྱེད་འོག  མགོན་པོ་གང་གི་དགོངས་རྫོགས་དུ་ཞག་མ་གསུམ་རིང་འདུལ་ཆོག་དང་མེ་ཏོག་མཆོད་པ་རྒྱས་འབུལ་ཞུས་དང་ཞུ་མུས་སུ་མཆིས་ཤིང་། ད་དུང་རིམ་བཞིན་ཞེ་དགུ་མ་རྫོགས་བར་བདུན་ཚིག་རེ་རེ་བཞིན།  རྫོགས་ཆེན་བཀའ་རྒྱུད་སྐོར་བཞི།  སྒྲིབ་སྦྱོང་མུན་སེལ་སྒྲོན་མ།  མཉམ་མེད་བླ་སྒྲུབ།   ཚེ་དབང་བོད་ཡུལ་མ་།  སྤྲོས་བྲལ་ཚོགས་མཆོད་སྒང་རི་ཅན།  མཉམ་མེད་བླ་སྒྲུབ་།  སྨོན་ལམ་མཐའ་ཡས་སོགས་གདུང་འདེབས་འཆོད་འབུལ་ཇི་སྙེད་བྱ་རྒྱུའི་གཏན་ཁེལ་ཞུས་ཡོད། གཞན་ཡང་མགོན་པོ་མཆོག་གི་ཐུགས་ཀྱི་དགོངས་མཐིལ་ཟབ་མོ་རང་ཅག་རྣམས་ལ་རྒྱུན་པར་བཀའ་ཆབ་ཏུ་བསྩལ་བར།   གཞན་ཕན་བྱམས་སེམས་དང་།  ཐུགས་མཐུན་ཁྲིམས་གཙང་།  ཡ་རབས་སྤྱོད་བཟང་།  བཤད་སྒྲུབ་འཆད་ཉན།  ལྷག་བསམ་ཟོལ་མེད།  དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་དགོས་པའི་གསུང་དོན་ལྟར་བྱ་རྒྱུ་ལས་བྱ་ཐབས་གཞན་ཅི་ཡང་མེད་པས་རང་ཅག་ཀུན་གྱིས་དེ་དོན་ཐུགས་དབུས་སུ་འཛིན་རྒྱུ་གལ་ཆེན་མཐོང་།

1506006705690832.jpg

༧གཡུང་དྲུང་བོན་གཡུ་རི་ཆེས་མཐོའི་བཤད་སྒྲུབ་འདུས་སྡེ་ནས།

༢༠༡༧ ཟླ་ ༩  ཚེས་ ༡༧ ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།