ཁམས་ལི་ཐང་འགྲོ་མགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-21 21:51:33][རྩོམ་པ་པོ། བློ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁམས་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཡུལ་དགོན་གཉིས་ནས ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་གདུང་མཆོད་ཕུལ་བ།

1506002103897642.jpg

1506002103120544.jpg

   སྤྱི་ལོ་༢༠༡༧།༩།༡༤།ཉིན་ཏེ། རང་རེའི་བོན་འབངས་ཡོངས་ཀྱི་ཡིད་ལ་བཟོད་དཀའ་བའི་ཕམ་ཁ་ཆེན་པོ་སྟེ།  ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར་རེ་ཞིག་མི་རྟག་ཚུལ་པའི་བསྟན་ཏེ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་འཕྲ་མགོན་པོ་གོང་གི་སྐྱབས་འོག་ཏུ་ཚུད་པའི་ངེད་ཅག་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཡུལ་དགོན་གཉིས་ནས་མྱ་ངན་གདུང་མཆོད་འབུལ་རྒྱུའི་དབུ་འཛུགས་ཏེ། འགྲོ་མགོན་དགོན་པའི་གསས་ཁང་ཆེན་མོའི་ནང་དུ་གཅན་ལྔ་རིན་ཆེན་བཏེགས་པའི་ཁྲི་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་ལེགས་པར་བཀོད་ནས་དེའི་མདུན་དུ་སྐུ་གསུང་ཐུགས་རྟེན།   མནྜལ།  རྣམ་ལྔ་ཚོགས་འཁོར་སོགས་མཆོད་སྤྲིན་ལེགས་པ་བཤམས་ཏེ་འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ལྷན་དུ་འདུས་ནས་བླ་སྒྲུབ་འདོད་འབྱུང་རིན་ཆེན་གྱི་ཚོགས་འཁོར་རྒྱས་འབུལ་དང་། ༧ སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་གསོལ་འདེབས་དབྱངས་ལ་གྱེར་བ་དང་། རྣམ་ལྔའི་མཆོད་པ་དང་སྨོན་ལམ་ལས་སོགས་དངོས་འབྱོར་གྱི་ཚོགས་བསགས་རྒྱ་ཆེ་པོ་བསྒྲུབས་ཏེ། རིན་པོ་མཆོག་གི་མཛད་བཟང་ལ་རྗེས་དྲན་འདུང་མཆོད་རྒྱས་པ་སྤེལ་བདང་། སྒེར་ནས་བླ་གྲྭ་དང་ལྷ་སྡེ་སོ་སོས་གཟིམས་ཤག་དང་རང་ཁྱིམ་དུ་རྣམ་ལྔའི་མཆོད་པ་སོགས་བཤམས་ནས་གསོལ་འདེབས་སྨོན་ལམ་བཅས་དགེ་སྒྲུབ་ཇི་འབྱོར་བྱས་པ་མ་ཚད་ལྷ་སྡེ་ཡོངས་ནས་ལོ་གཅིག་གི་རིང་ལ་དགུན་བཤས་མི་བཤའ་བ་དང་། རྐུ་མི་བྱ་བ་དང་། མནའ་མི་སྐྱེལ་བ། སྲོག་མི་གཅོད་པ་སྔ་འགྲོ་འབུམ་དགུ་དང་མ་ཏྲི་དུང་ཕྱུར་སོགས་མདོར་ན་རྣམ་པ་དཀར་བའི་ལས་ཀྱི་ཁས་ལེན་ཅི་ནུས་རེ་དང་། ཕྱག་སྐོར་སྒྲིབ་སྦྱོང་དང་ཁ་ཏོན་བཟླས་བརྗོད་དང་། སྲོག་བླུ་ཚེ་ཐར་གཏོང་བ་སོགས་རྣམ་དཀར་དགེ་བའི་ཕྱོགས་ལ་བརྩོན་ཞིང་གདུང་མཆོད་ཟབ་རྒྱས་ངང་འཚོགས་བཞིན་པ་དང་། 

1506002103106761.jpg

1506002104112355.jpg

   འགྲོ་མགོན་དགོན་པའི་ནང་བསྟན་ཤེས་རིག་སློབ་གླིང་གི་སློབ་གཉེར་ཁང་དུ་སློབ་གཉེར་བ་རྣམས་ཀྱིས་ཀུན་བཟང་རྒྱལ་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚོགས་འཁོར་རྒྱས་འབུལ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་བླ་མའི་རྣལ་འབྱོར་མཁན་རིན་པོ་ཆེའི་གསོལ་འདེབས་སོགས་དབྱངས་ལ་གྱེར་ཞིང་གདུང་སེམས་མཉམ་བསྐྱེད་ངང་ཚེ་དབང་སྨོན་ལམ་སོགས་ངག་ལས་དྲངས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡར་མཆོད་མར་སྦྱིན་གྱི་སྒོ་ནས་གདུང་མཆོད་རྒྱས་པ་སྤེལ།

1506002103576970.jpg

1506002104291583.jpg

   འགྲོ་མགོན་དགོན་པའི་ལྷ་སྡེ་ཡོད་དོ་ཅོག་སྤྱི་ཁང་ཆེན་མོ་ནང་དུ་འདུས་ཏེ་ཉིན་གསུམ་གྱི་རིང་ལ་སྣང་གསལ་ཞུགས་མར་སྟོང་ཕྲག་མང་པོ་སྤར་བ་དང་ཚ་ཚ་གདབ་པ་དང་སེར་སྐྱ་ཡོངས་རྫོགས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་ཞོར་གདུང་མཆོད་བཤམས་པའི་མདུན་དུ་སྒོ་གསུམ་དག་པའི་སྒོ་ནས་གུས་ཕྱག་འཚལ་བ་དང་མཇལ་དར་དྲངས་ཏེ་གདུང་ཤུགས་དྲག་པོ་ངང་ནས་བདག་སོགས་འགྲོ་ཀུན་རྗེ་བླ་མའི་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་མི་འདོར་ཞིང་ཚེ་རབས་ནས་ཚེ་རབས་ཏུ་འབྲལ་མེད་གསོལ་བ་སྨོན་ལམ་རྩེ་གཅིག་བཏབ་པར་ལགས་པས་འདི་སོགས་དུས་གསུམ་དུ་བསགས་པའི་རྣམ་པར་དཀར་བའི་ཆ་མཆིས་སོ་ཅོག སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་བཀའ་དྲིན་གཞལ་མཐའ་བྲལ་བ་དག་རྗེས་སུ་དྲན་བཞིན་བློ་ཡིས་ལིངས་ཀྱིས་ཕུལ་ཏེ།  ཁོང་གི་ཐུགས་ཉིད་དགྱེས་ཚོར་ཆེན་པོའི་ཀློང་ནས་ཐུགས་དགོངས་ཟབ་མོ་མ་ལུས་ཡོངས་སུ་རྫོགས་པའི་མཐུན་འགྱུར་དགེ་རྩ་རྒྱ་ཆེར་བསྔོས་དང་བསྔོ་བཞིན་ཡོད་པའི་གནས་བསྡུས་སུ་སྤྱི་ལོ་༢༠༡༧།༩།༢༠།ཉིན་ལི་བློ་གསལ་ནས་སྤེལ་བ་དགེ །།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།