གཟི་རྩ་ཁོད་སྤུངས་རབ་དབེན་དགོན་ནས་དགོངས་མཆོད་ཞུས་པ།

[ཟླ་ཚེས། 2017-09-20 22:15:25][རྩོམ་པ་པོ། རབ་དབེན་དགོན་དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505917236576453.jpg

1505917235502439.jpg

   གནམ་འོག་ས་སྟེང་བོན་འབངས་ཡོངས་རྫོགས་དབུ་ཁྲིད་བླ་ན་མ་མཆིས་པ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པར་བརྟེན།  

1505917236104765.jpg

1505917236390814.jpg

   འདི་གར་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་གནས་ཆགས་པའི་རབ་དབེན་དགོན་བཀྲ་ཤིས་ཕུན་ཚོགས་གླིང་ནས་དཔོན་གསས་བླ་མ་གང་གི་མཛད་འཕྲིན་ལ་རྗེས་སུ་ཡི་རང་སྟེ།  དགོངས་རྫོགས་གདུང་མཆོད་དུ་ཆོ་ག་སྤེལ་བའི་རྣམ་པ།  མདོ་སྨད་ཁོད་སྤུངས་རབ་དབེན་དགོན་པའི་བསྟན་བདག་༧བོན་མཁར་སྐལ་བཟང་རིན་ཆེན་གཙོས་གྲྭ་ཚང་འདུས་སྡེ་རྒྱ་མཚོས་ཉིན་གསུམ་གྱི་རིང་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་།  ཞག་གསུམ་དྲོ་བཞིའི་དུས་ཚིགས་ཁྱད་པར་ཅན་ཉིན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་རིན་པོ་ཆེ་འཚོགས་ཁང་ཆེན་མོའི་མདུན་ནས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད་ནས་མཆོད་པ་རྣམ་ལྔ་སོགས་དངོས་འབྱོར་གྱི་མཆོད་བཤམ་རྒྱ་ཆེར་གནང་སྟེ་བླ་གྲྭ་ཡོངས་ཀྱིས་མཚན་ལྡན་བླ་མའི་མཆོད་ཐབས་ནོར་བུ་འཕྲེང་བ་དང་བསྟོད་པར་རྣམ་རྒྱལ་ཁང་བཟང་དཔོན་གསས་བླ་མའི་གསོལ་འདེབས་སོགས་གྱེར་དབྱངས་སུ་མཆོད་དེ་སྐྱ་སེར་འདུས་པ་ཡོངས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདུང་མཇལ་ཞུ་བ་དང་།  ཕྱག་སྐོར་སྒྲིག་སྦྱོང་སོགས་ཚོགས་བསགས་རྒྱ་ཆེར་སྤེལ། 



   དགོང་མོ་དགོན་པའི་འཆམ་ར་ཡོངས་རྫོགས་མཆོད་མེ་ཁྲི་ཕྲག་མང་པོས་བཀྲ་ཤིས་རྟགས་བརྒྱད་སོགས་རི་མོ་འཐེན་ནས་བཀང་སྟེ་སྐྱ་སེར་ཡོངས་ནས་གདུང་ཤུགས་དྲགས་པོའི་སྒོ་ནས་མགོན་པོ་གང་གི་གསོལ་འདེབས་གྱེར་ཞིང་གསོལ་བ་སྨོན་ལམ་བཏབ་པས་༧རྗེ་འགྲོ་བའི་མགོན་པོ་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་ནས་ཞིང་ཁམས་གཞན་དུ་གཤེགས་ཏེ་བདག་ཅག་ཤུལ་ལུས་ཀྱི་ཉམ་ཐག་འགྲོ་བ་ཚོ་ཐུགས་བརྩེ་བ་ཆེན་པོས་དུས་ནས་དུས་སུ་མི་འདོར་བའི་གསོལ་སྨོན་བཏབ།  

མདོ་སྨད་ཁོད་སྤུངས་རབ་དབེན་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།