༧སྨན་རིའི་གླིང་དུ་གདུང་མཆོད་དང་ཞུགས་འབུལ་གྱི་སྟ་གོན།
[ཟླ་ཚེས། 2017-09-20 21:38:51][རྩོམ་པ་པོ། གྱེར་ནག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧སྨན་རིའི་གླིང་དུ་གདུང་མཆོད་དང་ཞུགས་འབུལ་གྱི་སྟ་གོན།
༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་སྟེ། ཕྱི་ལོ་༢༠༡༧ཟླ་བ་༩ཚེས་༡༨ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཐུགས་དམ་གྲོལ་ནས་གདུང་ཁྲུས་སོགས་ཞུས་ཏེ་ན་བཟའ་གོས་དྲུག་གསོལ་ནས་སྐུ་གདུང་གསས་ཁང་དུ་བཞུགས་གསོལ་ཞུས།
༧སྐྱབས་རྗེ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་རྣམས་དང་དགེ་འདུན་མང་ཚོགས། བོད་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་རྣམས་དང་། བོན་གཞིས་མི་མང་ཡོངས་ཀྱིས་སྨན་རིའི་བླ་བྲང་མདུན་དུ་བླ་མ་མཆོད་པ་དང་སྨོན་ལམ་གསུངས་བཞིན་པ།
༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོས་རྒྱལ་བ་ཞི་ཁྲོའི་ཚོགས་འཁོར་རྒྱས་འབུལ་དང་། ༧སྨན་རིའི་བླ་བྲང་དུ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་རིག་འཛིན་འདུས་པའི་ཚོགས་འཁོར་གསུང་བཞིན་པ།
༧སྨན་རིའི་བཤད་སྒྲུབ་གྲྭ་ཚང་གི་ཚོགས་ཁང་དུ་དད་ལྡན་མི་མང་ནས་མཆོད་པ་རྒྱས་བཤམས་ཐོག ཉིན་མཚན་ཀུན་ཏུ་མར་མེ་རྒྱུན་ཆད་མེད་པར་འབུལ་བཞིན་པ།
ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་དང་བོན་གཞིས་སྐྱ་སེར་ཁག་ནས་ཕྱག་སྐོར་མཆོད་འབུལ་ཞུ་བཞིན་པ།
ཀུན་རིག་ལས་བཞི་རྒྱུན་ལྔ་རྒྱས་པའི་མཆོད་སྤྲིན་ཞུགས་འབུལ་སོགས་ཀྱི་གྲ་སྒྲིག་ཞུ་དང་ཞུ་བཞིན་པ།
སྐུ་གདུང་ཞུགས་འབུལ་གྱི་གདུང་ཁང་རྒྱ་ཆེན་བརྩིགས་བཞིན་པ།