ཚ་རོང་དཔའ་ཤོད་འབུམ་ལུང་དགོན་པའི་ལྷ་སྡེ་རྣམས་ནས་གདུང་འདེབས་མཆོད་འབུལ་གནང་བ།

[ཟླ་ཚེས། 2017-09-20 15:38:20][རྩོམ་པ་པོ། འབུམ་ལུང་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505893431840797.jpg

རྒྱལ་ཕྱི་རྒྱལ་ནང་གི་བོན་འབངས་ཡོངས་ནས་བརྗེད་མི་རུང་བའི་དུས་གལ་པོ་ཆེ་སྟེ། བོད་རྩིས་ལུགས་ལྟར་བྱས་ན་བོད་ཟླ་བདུན་པའི་ཉེར་བཞི་དེ་ཡིན། ཅིའི་ཕྱིར་ཞེ་ན།  སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོས་འདུས་བྱས་ཀྱི་དངོས་པོ་རྣམས་སྟོང་གཟུགས་སྒྱུ་མའི་རྣམ་པར་གདམས་པའི་དོན་དངོས་སུ་བསྟན་པའི་དུས་ཏེ་དུས་རབས་ཉི་ཤུ་པའི་ནང་དུ་གཡུང་དྲུང་བོན་གྱི་བསྟན་པའི་དོན་དང་། སྙིགས་དུས་འགྲོ་བ་ཡོངས་ཀྱི་མགོན་པོར་བསམ་བཞིན་དུ་བྱོན་ནས། ཕྱི་ནང་བོན་འབངས་ཡོངས་ལ་ལོང་བར་མིག་དང་། ལྐུགས་པར་ལྕེ་ལྟ་བུའི་ཞིབ་ཚགས་ཀྱི་ལམ་ནས་ཕན་གདགས་པ་ཆེན་པོ་གནང་བའི་བཀའ་དྲིན་གཞལ་ཐབས་བྲལ་བའི རྗེ་སྨན་རི་བ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གདུང་མཆོད་འབུལ་བའི་དུས་དེའོ།།

1505893431805124.jpg

 གདུང་འདེབས་མཆོད་འབུལ་ཇི་ལྟ་བུའི་སྒོ་ནས་བསྒྲུབ་དགོས་པ་ནི་རང་རེ་དམ་པ་གང་གི་སྐྱབས་འོག་ཏུ་འཁོད་པའི་སེར་སྐྱ་ཡོངས་ཀྱིས་གོ་རྟོགས་བྱུང་བའི་ཚུལ་ལ་ཡིད་འབྲང་པར་བྱས་ཏེ། སྒོ་གསུམ་རྣམ་དཀར་གྱི་བྱ་བ་ལ་འཇུག་པ་བསྐུལ་བ་བཞིན་ལག་ལེན་ཐེབས་པར་བྱེད་པ་ནི། དམ་པའི་ཐུགས་དགོངས་རྫོགས་པའི་མཆོད་པ་དང་བཀུར་བསྟི་ལགས་པས་ཐུགས་ལ་བསྟིམ་པར་ཞུ།

1505893431105884.jpg

ཞེས་གདམས་པ་བཞིན། འདི་ག་ཚ་རོང་དཔའ་ཤོད་འབུམ་ལུང་དགོན་པའི་གྲྭ་བཙུན་ཡོངས་དང་ལྷ་སྡེ་རྣམས་ནས་ཀྱང་།  སྐྱོ་གདུང་ཤུགས་དྲག་དང་དད་མོས་གུས་པའི་སྒོ་ནས།   སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་དགོངས་རྫོགས་གདུང་འདེབས་མཆོད་འབུལ་གང་འགྲུབ་བྱས་པ་སྟེ།  བོད་ཚེས་ཉེར་ལྔ་དང་ཉེར་དྲུག་གཉིས་ལ་འདིར་བཞུགས་གྲྭ་བཙུན་གང་ཡོད་ཀྱིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་བསྲང་།

1505893431909218.jpg

བོད་ཚེས་ཉེར་བདུན་ཉིན་ཏེ་དགོང་ཞག་གསུམ་པའི་ཉིན་གུང་ལ། གྲྭ་བཙུན་རྣམས་ནས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་གསུངས་པ་དང་། སྐུ་པར་རིན་པོ་ཆེའི་མདུན་དུ་མཆོད་མེ་གང་མང་ཕུལ་ཏེ། འབུམ་ལུང་དགོན་པའི་ལྷ་སྡེ་རྣམས་དང་གྲྭ་བཙུན་བཅས་ཀྱིས་སྐྱོ་གདུང་ཤུགས་དྲག་དང་དད་འདུན་ཆེར་བསྐྱེད་སྒོ་ནས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་ཏེ་གུས་ཕྱག་གྲངས་མང་ཕུལ།

མཐར་འདི་གའི་བླ་གྲྭ་ཡོངས་དང་འདིར་འཁོད་དགོན་ཞབས་ལྷ་སྡེ་མི་མང་ཡོངས་ནས་རང་མོས་ཐོག་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་དགོངས་ཞག་ཞེ་དགུ་རིང་དམར་ཟས་བཅད་རྒྱུའི་དགེ་བ་ཁས་ལེན་ཕུལ་བ་བཅས་སྒོ་གསུམ་རྣམ་པར་དག་པའི་ཚོག་གསོག་དགེ་སྒྲུབ་བྱས་ཏེ། མགོན་པོ་གང་གི་གསང་གསུམ་ཡོན་ཏན་དང་རླབས་ཆེན་གྱི་མཛད་པ་དག་དྲན་གསོ་བྱས་པའི་གནས་ཚུལ་མདོར་བསྡུས་སུ་ནག་ཚང་དགེ་བཤེས་དྲི་མེད་ཚུལ་ཁྲིམས་ཞེས་པ་དེས་ཚ་བའི་རོང་འགག་ནས་སྐྱོ་བའི་དབུགས་རིང་དང་དད་པའི་གདུང་ཤུགས་ལྷན་དུ་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།