རེབ་གོང་བོན་མང་འདུས་སྤྱི་ནས་དགོངས་རྫོགས་གདུང་མཆོད་ཕུལ་བ།
[ཟླ་ཚེས། 2017-09-20 14:35:47][རྩོམ་པ་པོ། རེབ་གོང་བོན་མང་དྲ་བ།][རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།][ཀློག་གྲངས། ]
༄༅། །འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད༧ཞྭ་དཀར་བསྟན་པའི་གཙུག་རྒྱན༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་ལྡན༣༠༡བོད་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ༡༩༢༩ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས།
ཕྱི་ལོ༢༠༡༧ཟླ༩ཚེས༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་ཉེར་ལྔའི་སྟེང་བོན་གྱི་གདན་ས་ཆེན་མོ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་འདི་ཐོས་འཕྲལ། རེབ་གོང་བོན་མང་འདུས་སྤྱི་ནས་ཀྱང་གཞུང་གི་བཀོད་སྒྲིག་ལྟར་ཚེས་བཅུ་དྲུག་ཉིན་ནས་རང་རང་གི་གསས་ཁང་སོ་སོ་ནས་དགོངས་རྫོགས་ཀྱི་གདུང་མཆོད་ལ་ཚེ་དབང་དང་ཞི་ཁྲོ་སོགས་ཀྱི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་། སྒྲུབ་སྡེ་སོ་སོའི་དགེ་བསྙེན་མ་རྣམས་ཀྱིས་ཀྱང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ལ་གནས་ཅི་ཐུབ་ཀྱིས་དགེ་སྒྲུབ་ཚོགས་བསགས་ཀྱི་ལས་ལ་འབད་བཞིན་པ་མ་ཟད། མར་མེ་སྟོང་ཕྲག་དུ་མས་མཆོད་པ་རྒྱ་ཆེར་ཕུལ་ནས་གདུང་སེམས་མཉམ་བསྐྱེད་དང་བཅས་དགེ་སྒྲུབ་ཁས་བླངས་སོགས་ཀྱི་གདུང་མཆོད་རྒྱ་ཆེར་སྤེལ་བའོ།།
གླིང་བརྒྱའི་བོན་ཚང་མའི་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ནས་གདུང་མཆོད་ཕུལ་བ།
ཨརྒ་སྟེང་གི་གསས་ཁང་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང༌ནས་གདུང་མཆོད་ཕུལ་བ།
གད་པ་སྐྱ་བོའི་གསས་ཁང་གསང་སྔགས་རིག་འཛིན་དར་རྒྱས་གླིང༌ནས་གདུང་མཆོད་ཕུལ་བ།
གདོང་མགོ་ཚང་གི་གསས་ཁང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང༌ནས་གདུང་མཆོད་ཕུལ་བ།