མདོ་སྨད་སྣང་ཞིག་དགོན་ནས་༧སྨན་རི་ཚང་ལ་གདུང་མཆོད་མྱ་ངན་ཞུས་པ།
[ཟླ་ཚེས། 2017-09-20 11:06:45][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་སྣང་ཞིག་དགོན་ནས་སྨན་རིའི་ཁྲི་འཛིན་སོ་གསུམ་པར་གདུང་མཆོད་མྱ་ངན་ཞུས་པའི་གནས་བསྡུས།
རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་གསེར་ཞལ་ཡིད་བཞིན་ནོར་བུ་རེ་ཞིག་དངོས་མཇལ་གྱི་སྐལ་པ་ཟད་སོང་བའི་སྐྱོ་གདུང་དང་མྱ་ངན་གྱི་ཚོར་བ་ནོན་མི་ཐུབ་པའི་ངོས་ནས། སྣང་ཞིག་སྐྱབས་མགོན་མཆོག་གིས་བློ་ཕམ་ཐུགས་འགྱོད་ཚད་མེད་པའི་འོག་བཀའ་ཡིས་བསྐུལ་མ་ནན་ཆེར་གནང་སྟེ། སྣང་ཞིག་དགོན་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་དང་། སྣང་ཞིག་དགོན་གཞུང་གཉིས་ཀྱིས་བསྟན་པའི་དར་ཆེན་དམའ་སར་ཕབ་ནས་རྗེ་སྨན་རི་བ་ཞིང་ལ་གཤེགས་པར་མྱ་ངན་ཞུ་མགོ་བཙུགས་པ་རེད།
ཕྱི་ལོ༢༠༡༧-༩-༡༥ ཉིན་གྱི་མཚན་མོར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་འོག བཤད་སྒྲུབ་སློབ་གླིང་གི་དགེ་སློབ་མཉམ་འཛོམས་ཀྱིས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་དགོངས་པ་བོན་དབྱིངས་སུ་བསྡུས་པར་ཕངས་སེམས་མྱ་ངན་དྲག་པོའི་ངོས་ནས། སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་བླ་མའི་མཆོད་པ་རྣམ་དག་འགྱུར་མེད་དང་། ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་སོགས་གསུངས་ཏེ་རྣམ་ལྔའི་མཆོད་པ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་གཙང་མ་བཤམས་ཏེ་གསོལ་བ་སྙིང་ནས་བཏབ་པ།
ཕྱི་ལོ༢༠༡༧ལོའི་ཟླ༩བའི་ཚེས༡༦ཉིན་གྱི་ཞོགས་པར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་བཀའ་བཞིན། གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་མགོན་པོ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ། སྐུ་གསུང་ཐུགས་རྟེན་མཎྜལ་རྣམ་ལྔ་སོགས་བཤམས་ནས། བསྟན་པའི་དཔལ་དུ་ཤར་བ་སྣང་སྟོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དབུ་བཞུགས་འོག་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཐུན་མོང་ནས་རྗེ་རིན་པོ་ཆེའི་ནང་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་སྐོང་བའི་གཏེར་ཆེན་ནམ་མཉམ་མེད་བླ་སྒྲུབ་ཀྱི་ཞལ་ཕྱེས་ཏེ་གདུང་མཆོད་མྱ་ངན་གཟབ་རྒྱས་ངང་འཚོགས།
སྤྱི་ལོ2017ལོའི་ཟླ་9 བའི་ཚེས་17ཉིན། སྣང་ཞིག་དགོན་གཞུང་ནས་བླ་གྲྭ་དགེ་འདུན་འདུས་པའི་སྡེ་ཚོགས། སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་དེ། འཚོགས་ཆེན་འདུ་ཁང་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་། མཆོད་པ་རྣམ་ལྔ་དང་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་གསུངས་པ་དང་དཀར་པོ་སུམ་སྦྱོར་སོགས་དངོས་འབྱོར་གྱི་མཆོད་པ་རྒྱ་ཆེར་ཕུལ་བ།
དེ་བཞིན་དུ་སྣང་ཞིག་སྐྱབས་མགོན་ཚང་གི་བཀའ་བཞིན། སྔ་སྨད་སྣང་ཞིག་ཅོག་ལོ་དགོན་དང་། ནེའུ་ཆུང་བསམ་གཏན་གླིང་སོགས་སྣང་ཞིག་དགོན་དགོན་མ་ལག་བུ་དགོན་དང་བཅས་པའི་བླ་གྲྭ་འདུས་མང་སྤྱི་དང་མངའ་དབངས་དད་ལྡན་བོན་འབངས་ཡོངས་སུ་རྫོགས་པས་དགེ་སྒྲུབ་སྡིག་སྤང་གི་ལས་ལ་ཤ་ཐང་དུ་འབད་ཡོད་པ་དང་།
ཉིན་དེའི་མཚན་མོར། དུས་ཚོད་7:30ཐོག སྐྱབས་མགོན་རིན་པོ་ཆེས་ཐུགས་བཀོད་ལྟར། སྣང་ཞིག་དགོན་གྱི་གྲྭ་ཚང་འདུས་སྤྱི་དང་། ལྷ་སྡེ་ཡོངས་ཀྱིས། གླིང་བར་དུ་མཆོད་པ་རྣམ་ལྔ་བཤམས་པ་དང་། མར་མེ་ལག་ཏུ་བཟུང་ནས་གསོལ་འདེབས་གདུང་དབྱངས་སོགས་མཉམ་དུ་གྱེར་བཞིན། སྒོ་གསུམ་གཙང་མས་མཆོད་འབུལ་རྒྱ་ཆེར་བྱས་ཏེ། འདི་སོགས་དུས་གསུམ་དུ་བསགས་པའི་རྣམ་པར་དཀར་བའི་ཆ་མཆིས་སོ་ཅོག སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་བཀའ་དྲིན་གཞལ་མཐའ་བྲལ་བ་དག་རྗེས་སུ་དྲན་བཞིན་བློ་ཡིས་ལིངས་ཀྱིས་ཕུལ་ཏེ། ཁོང་གི་ཐུགས་ཉིད་དགྱེས་ཤིང་དགྱེས་ཚོར་ཆེན་པོའི་ཀློང་ནས་ཐུགས་དགོངས་ཟབ་མོ་མ་ལུས་ཡོངས་སུ་རྫོགས་པའི་མཐུན་འགྱུར་དགེ་རྩ་རྒྱ་ཆེར་བསྔོས་དང་བསྔོ་བཞིན་ཡོད་པའི་གནས་བསྡུས་སོ།།