ལི་ཤུ་སྤྲུལ་སྐུ་མཆོག་གིས་འཚམས་ཞུའི་ཐུགས་སྨོན་གནང་བ།

[ཟླ་ཚེས། 2017-09-18 22:47:55][རྩོམ་པ་པོ། ལི་ཤུ་གཤེན་རྒྱལ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170921133257.jpg

འཚམས་ཞུའི་ཐུགས་སྨོན།

      སྤྱི་ལོ༢༠༡༧ཟླ༩ཚེས་༡༤ཉིན་གྱི་ཕྱི་དྲོར་འཛམ་གླིང་མི་མང་ཡོངས་ཀྱི་བསོད་ནམས་དམན་པས་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་།

བོན་འབངས་ཐམས་ཅད་ཀྱི་སྤྱི་ནོར་ཆེན་མོ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་དམ་པ་སྐྱབས་རྗེ༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་གཟུགས་སྐུའི་བཀོད་པ་ཞི་དབྱངས་སུ་བདེ་བར་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་གློ་བུར་དུ་བྱུང་བར་ཐོས་འཕྲལ་བློ་ཕམ་དང་བཅས་གདུང་སེམས་དྲག་པོས་མྱ་ངན་གདུང་སེམས་མཉམ་སྐྱེད་དང་།   གསོལ་འདེབས་སྨོན་ལམ་ཞུས་དང་ཞུ་བཞིན་དུ་སྐྱབས་རྗེ་གང་ཉིད་ཀྱི་རྒྱལ་ཐེབས་ཟླ་གཞོན་གསར་པའི་དཀྱིལ་འཁོར་སླར་ཡང་གདུལ་བྱ་གླིང་བཞིའི་མགོན་དཔུང་དམ་པ་རུ་མྱུར་དུ་འཆར་བའི་གསོལ་སྨོན་རྒྱུན་བསྲིང་བྱ་རྒྱུ་བཅས།

                               རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་ནས།

     སྐྱབས་འོག་པ་ལི་ཤུ་གཤེན་རྒྱལ་མདོ་སྔགས་བསྟན་འཛིན་གྱིས།

                                                            2017-9-15

微信图片_20170921133309.jpg

ཁྱུང་ཆེན་འཕུར་ཤུལ་གྱི་གདུང་འབོད།

ཀྱཻ་ཧུ།   ཟླ་འདིའི་ཚེས་བཅུ་བཞིའི་དགོང་མོར།  སྐུད་མེད་ཀྱི་འཕྲིན་ལམ་བརྒྱུད་དེ།  ཉན་མི་འདོད་པའི་སྐད་ཆ་ཞིག་ངའི་རྣ་བར་ལྷུང་དུས་གློ་བུར་དུ་གོ་ལ་ཟླུམ་པོ་ཡོམ་ཡོམ་དུ་འགུལ་ཞིང་།  འཇིག་རྟེན་འདི་སྨག་ནག་གིས་ཁྱབ་པའི་སྣང་བ་བསྟེར་ཏེ།  བྲང་གཞུང་བཙན་གྱིས་གཤགས་འདྲའི་ན་ཟུག་ཞིག་གི་ཁྲོད་དུ་ཕངས་སེམས་ཤིག་གིས་མནར་བས། རེ་ཞིག་དྲན་མེད་ལྟ་བུར་གྱུར་ཏེ་ཡུན་ཙམ་ལྷག  

ཡིན་ནའང་།  སངས་རྒྱས་ཀྱིས་འདས་གྲོང་གི་ཚུལ་བསྟན་པ་ནི་སེམས་ཅན་རང་ཁ་མའམ་རྟག་འཛིན་ཅན་གྱི་བློ་ལྡོག་བའི་ཆེད་དུ་མཛད་འཕྲིན་བསྐྱང་ལུགས་ཀྱི་ཚུལ་ཙམ་ཡིན་པ་ལས་ང་ཚོ་དང་གཏན་དུ་བྲལ་བར་མིན་པར་སྙམ་ཏེ་སླར་ཡར་རང་སེམས་ལྷོད་ལ་བཞག་བྱུང་།  གང་ལྟར་སྙིགས་དུས་སུ་ཆགས་འཇིག་གི་གཤེད་མ་རྒོད་ཀྱང་རླུང་ཁའི་མར་མེ་གཟིམས་ལ་ཁད་དུ་གྱུར་བའི་ཉིན་དེར།  མེ་ཡིས་བསྲེགས་ཀྱང་མ་ཚིག་ལ། བྲང་གཞུང་མཚོན་ཆའི་ཁ་ལ་གཏད་པའི་དཔའ་བོ་གང་ཉིད་དེ་རིང་ལྷག་ཏུ་དྲན་ཞིང་།  སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཁོ་ན་ལ་དམིགས་ཏེ་གཅེས་པའི་ཕ་ས་སྤངས་ཤིང་། ལྕི་ཏིག་ཏིག་གི་རྡོག་ཁྲེས་རྒྱབ་ལ་ཁུར་ཏེ་ཁྲག་ཐིགས་ཀྱི་རྐང་རྗེས་གངས་ལ་དཔར་ཞིང་།  དཀའ་སྡུག་གི་མྱོང་བའི་ལོ་ཟླའི་ཁྲོད་དུ་རྒྱལ་ཁབ་ཕྱི་ནང་གང་སར་འགྲིམས་པའི་ལོ་རྒྱུས་དེ་ཡང་དེ་རིང་གླེང་རིན་མེད་པའི་གཏམ་ཐུང་ཞིག་ག་ལ་ཡིན། 

ཡིན་ནའང་ཁོང་རིན་པོ་ཆེའི་སྐུ་ཚེ་ཧྲིལ་བོའི་མཛད་རྣམ་ངས་དེ་རིང་འདིར་བརྗོད་ཀྱང་བརྗོད་ཀྱིས་མི་ལང་ལ།   ཨེན་ཙམ་བརྗོད་འདོད་ཡོད་ཀྱང་འགོག་ཐབས་དང་བྲལ་བའི་མིག་ཆུས་མིག་སྒོར་འཚང་ཁ་རྒོད་པས་རེ་ཞིག་འབྲི་མཚམས་འདི་ནས་འཇོག་དགོས་བྱུང་བ་ལགས།

དེ་མིན་༧ རྗེ་མཉམ་མེད་ཆེན་པོའི་རྒྱུད་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་གང་ཉིད་ཀྱིས་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་ལས་ནམ་ཡང་འདོར་བ་མེད་ཅིང་།   སླར་ཡང་གང་དང་དབྱེ་བ་མེད་པའི་༧རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ཉིད་འོ་ཅག་དད་པའི་མཁའ་དབྱིངས་སུ་ལྷང་ངེར་གསལ་ཞིང་ཡངས་བའི་འཇིག་རྟེན་གྱི་ཁམས་འདིར་ང་ཚོ་བོན་འབངས་ཡོངས་ལ་བསོད་ནམས་ཀྱི་སྐལ་བཟང་ཤར་བའི་རེ་སྨོན་དང་བཅས།  

སྤྱི་ཟླ་ཚེས་2017/ 9/17ཉིན་རྒྱལ་རོང་ཁྲོ་སྐྱབས་བླ་མ་རྣམ་གསུམ་དུ་གྲགས་པའི་ནང་ཚན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་མདོ་སྔགས་བསྟན་འཛིན་དུ་འབོད་པས་སྦྱར་བའོ།། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།