སྒོ་བཞི་མཛོད་ལྔའི་བཤད་གྲྭ་དབུ་འཛུགས་གནང་བ།

[ཟླ་ཚེས། 2017-08-30 22:10:19][རྩོམ་པ་པོ། ཁྱུང་ནག་དགོན་པའི་ཡིག་ཚག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་པོ་དཀར་ནག་སེར་གསུམ་ནང་ཚན་མི་རྗེ་ཁྱུང་ནག་སྡེ་དཔོན་གྱི་བླ་དགོན༧དཔལ་ལྡན་ཁྱུང་ནག་བསམ་གཏན་གླིང་དུ་སྒོ་བཞི་མཛོད་ལྔའི་བཤད་གྲྭ་སོགས་དབུ་འཛུགས་གནང་བ།

1504102252184907.jpg

 དེ་རིང་སྟེ་བོད་ཟླ ༧/༩/ སྤྱི་ལོ་༢༠༡༧/༨/༣༠ཉིན་ལ་ཞང་ཞུང་སྒོ་པའི་མངའ་ཁོངས་སུམ་པ་གླང་གི་གྱིམ་ཤོད་ཁྱུང་པོ་སྟེང་ཆེན་ཞེས་པའི་ལོ་རྒྱུས་རང་བཞིན་གྱི་བརྡ་ཆད་ཀྱིས་མཛེས་པའི་ཡུལ་གྲུ་འདིར། ཁྱུང་པོ་དཀར་ནག་སེར་གསུམ་ནང་ཚན་མི་རྗེ་ཁྱུང་ནག་སྡེ་དཔོན་གྱི་བླ་དགོན  ༧ དཔལ་ལྡན་ཁྱུང་ནག་བསམ་གཏན་གླིང་དུ་སྒོ་བཞི་མཛོད་ལྔའི་བཤད་གྲྭ་དང་། ཞང་ཞུང་སྙན་རྒྱུད་ཀྱི་སྒོམ་གྲྭ་དབུ་འཛུགས་པའི་མཛད་སྒོ་བདེ་འབྱུང་སྨོན་རྟེན་ཞེས་པ་སྤེལ་གནང་འདུག

   དེ་ཡང་ཁྱུང་ནག་བསམ་གཏན་གླིང་གི་དགོན་གནས་གསར་སྤོས་བྱས་ཏེ། གསས་ཁང་བ་རབ་ཡོངས་འདུལ་གྱི་རྟེན་དང་བརྟེན་པ་དང་། སྒོམ་གྲྭ་ཁང་བཅས་ཡོངས་སུ་ལེགས་བཞེངས་གྲུབ་ཅིང་། སྒྲུབ་གྲྭའི་རྣལ་འབྱོར་པ་རྣམས་ཀྱི་བཅད་མཚམས་ཟིན་པ་དང་ལྷན། དགོན་གྱི་ཁྲི་འཛིན་བསམ་གཏན་དགེ་ལེགས་རིན་པོ་ཆེ་མཆོག་དང་མཁན་པོ་ཡེ་ཤེས་རབ་གསལ་རྣམ་གཉིས་གཙོས་པའི་འགན་འཛིན་རྣམས་དང་གྲྭ་ཚང་བཅས་དགོངས་དབྱངས་གཅིག་གྱུར་ཐོག་བཤད་གྲྭ་འཛུགས་རྒྱུའི་གྲོས་ཆོད་བྱས།

1504102253714456.jpg

 དེ་ནས་ནག་རུ་དགོན་པའི་མཁན་པོ་བསམ་དགེ་མཆོག་དང་བླ་མ་དཔལ་མཆོག་རྣམ་གཉིས་ཁྱུང་པོ་སྟེང་ཆེན་དགོན་དུ་བྱོན་ནས་སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་མཁན་སློབ་རྣམས་མཇལ་ནས་བཤད་གྲྭ་གསར་འཛུགས་དགོས་ཚུལ་ཞུས་པས་དགྱེས་ཚོར་ཆེན་པོས་བཀའ་སློབ་ལམ་སྟོན་བརྩེ་གཟིགས་གནང་། 


   འདི་ཟླའི་སྤྱི་ཚེས་༢༤ཉིན་ཁྱུང་པོ་སྟེང་ཆེན་དགོན་པའི་དགེ་བཤེས། མཁས་བཙུན་བཟང་གསུམ་དང་དད་བརྩོན་ཤེས་གསུམ་ཡ་མ་བྲལ་བའི་མཁར་པ་དྲང་སྲོང་བསོད་ནམས་བློ་གྲོས་མཆོག་ཁྱུང་ནག་བསམ་གཏན་གླིང་གི་སྡེ་དགོན་སྤྱི་ཡི་མོས་འདུན་བཞིན་སློབ་དཔོན་དུ་གདན་འདྲེན་བྱས།

1504102253259481.jpg

 དེ་རིང་ཉི་ཤར་བཀྲ་ཤིས་པའི་དུས་སུ ༧ ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་དང་། སྒྲུབ་མཁན་འཕགས་མཆོག་སེམས་དཔའ་རྣམ་གཉིས། ༧ ཁྱུང་ནག་བསམ་གཏན་གླིང་གི་གཙུག་ལག་ཁང་ཆེན་མོ་གསས་ཁང་བ་རབ་ཡོངས་འདུལ་དུ་གདན་དྲངས་ནས། ཐོག་མར་རྨོངས་པའི་མུན་ཚོགས་བསལ་ཏེ་ངེས་དོན་རིག་པའི་ཡེ་ཤེས་ཀྱི་སྒོ་མོ་འབྱེད་པའི་བརྡ་རུ་སྣང་གསལ་སྒྲོན་མེ་སྤར།

1504102253121526.jpg

   དེ་ནས་སྐྱབས་རྗེ་དཔོན་སློབ་རྒྱལ་བ་བསྟན་འཛིན་མཆོག་ནས་རིག་པའི་སྒོ་འབྱེད་བསྡུས་གྲྭའི་ཁྲིད་དང་བཀའ་སློབ་གསུངས་ཏེ། དེར་འཁོད་བཤད་གྲྭ་བ་རྣམས་ལ་སློབ་སྦྱོང་མི་བསྙེལ་བརྩོན་པའི་དམ་བཅའི་རྟིང་སྐུལ་དུ་མགུལ་དར་རེ་བསྩལ།

1504102253481783.jpg

 དེ་ནས་སྒོམ་གྲྭ་ཁང་དུ་ཕེབས་ཏེ་སྒྲུབ་མཁན་འཕགས་མཆོག་རིན་པོ་ཆེ་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་དཔེ་ཁྲིད་དབུ་འཛུགས་དང་བཀའ་སློབ་བསྩལ་ནས་རྗེ་ཏ་པི་ཧྲི་ཙའི་གསོལ་འདེབས་གསུངས་ཏེ་མཁན་སློབ་རྣམས་ངེས་དོན་ཡེ་ཤེས་ཆེན་པོར་ཐུན་གཅིག་བཞུགས་ནས་སྒོམ་གྲྭ་དབུ་འབྱེད་མཛད་སྒོ་གནང་།

1504102253455319.jpg

མཐར་ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས་ཀྱི་ལེའུ་གསར་པའི་ཁ་དོག་དེ་ཉིད་ནམ་ཡང་མི་བསྙེལ་བ་རྡོ་བརྐོས་རིས་སུ་གནས་པའི་རྟེན་དུ། གཙུག་ལག་ཁང་གི་མདུན་མཉམ་པར་བཀྱོན་པ་བཅས་ཀྱི་གནས་ཚུལ་རིམ་པ་དང་པར་བཅས་ཁྱུང་ནག་དགོན་པའི་ཡིག་ཚག་ཁང་ནས།

1504102253488625.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།