ཀླུ་ཕུག་དགོན་གྱི་དགེ་བཤེས་དང་སྒྲུབ་ཐོན་མཛད་སྒོ་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2017-08-27 22:47:14][རྩོམ་པ་པོ། གོ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.png

༧ཀླུ་ཕུག་དགོན་བཤད་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་དགེ་བཤེས་དང་སྐབས་བཞི་པའི་

སྒྲུབ་ཐོན་མཛད་སྒོ་ལེགས་གྲུབ་བྱུང་བ།

དྭངས་བསིལ་གྱི་མཁའ་དབུགས་གཙང་ཞིང་རང་འབྱུང་གི་རྩི་ཐོག་སྣ་ཚོགས་ཀྱིས་མཐོང་ཐོས་སྐྱེ་རྒུ་ཡོངས་ལ་ངལ་གསོ་སྟེར་ནུས་པའི་མི་ཡུལ་གྱི་ཞིང་ཁམས་ངོ་མ་སྟེ། དཔལ་སྦྲ་ཆེན་ཕྱུག་མོའི་ཡུལ་གྲུ ཧོར་སྤྱི་ཁྱབ་རྒྱལ་པོའི་མངའ་འབངས། ཞྭ་དཀར་བོན་གྱི་བསྟན་པ་ཆེས་ཆེར་དར་ཞིང་དཀར་ཕྱོགས་དགེ་བཅུའི་སྣང་བས་ཚན་ཆེ་འཁོར་བའི་སྡུག་མུན་མིང་གི་ལྷག་མར་བསྒྱུར་བའི་གནས་གཞི། ལུང་རིགས་འདབ་སྟོང་གྱེས་སའི་གླིང་ཁ། འཆད་རྩོད་འབྲུག་སྒྲ་སྡིར་སའི་ཞིང་ཁམས། བསླབ་གསུམ་བྱིན་ཚན་འཕྱུར་བའི་འདུལ་གྲོང་། བསྭོ་སྒྲས་ས་ཆེན་འགུལ་བའི་བོན་གཞིས། དྲན་དབང་གཞུང་ལུགས་གཤག་པའི་འབྱུང་གནས། ཁམས་སྟོད་བོན་གྱི་བསྟི་གནས་སམ་ཚུལ་ལྡན་བཙུན་པའི་གྲོང་ཁྱེར་ཆེན་མོ་༧ དཔལ་གཤེན་བསྟན་ཀླུ་ཕུག་དགོན་ཆེན་གཡུང་དྲུང་བདེ་ཆེན་གླིང་གི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཚོས་ཟབ་ཅིང་རྒྱ་ཆེའི་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་བཅུ་ཕྲག་རིག་པའི་གནས་བཅས་ལ་ཐོས་བསམ་གཙོ་བོ་བྱེད་དེ་རྩོད་པ་བོན་གྱི་འཁོར་ལོས་ལོག་རྟོག་གི་དུག་རྩ་བཅད་ནས་ཚད་གསུམ་ཟུང་འབྲེལ་ཀྱིས་དེ་ཁོ་ན་ཉིད་ཀྱི་ངོ་གདོང་འཚོལ་བ་བཤད་གྲྭ་བའི་སྡེ་དང་། སྒོམ་སྒྲུབ་གཙོ་བོར་བྱེད་དེ་ཉམས་ལེན་སྙིང་པོ་མཐའ་བཞི་རྒྱ་གྲོལ་གྱི་ལྟ་བ་བློ་འདས་རྫོགས་པ་ཆེན་པོའི་ཡིན་ལུགས་བསྐྱངས་ཤིང་ལྟ་བ་ཡས་ཕུབ་ཀྱི་དོན་ལ་གཞོལ་བ་སྒྲུབ་གྲྭ་བའི་སྡེ་གཉིས་ཡོད་པ་ལས།

11.png

ད་ལན་ཐོས་བསམ་གཙོ་བོར་བྱེད་པ་བཤད་གྲྭ་བའི་སྡེ་ལས་བཀའ་རམས་པ། འཇང་དྲང་སྲོང་ཚུལ་ཁྲིམས་འགྱུར་མེད་བསྟན་འཛིན། ག་རྒྱ་དྲང་སྲོང་ཚུལ་ཁྲིམས་འབྲུག་གྲགས་བསྟན་པ། རག་ཤི་དྲང་སྲོང་ཚུལ་ཁྲིམས་དོན་གཉིས་ལྷུན་གྲུབ། འབྲོང་ངུར་དྲང་སྲོང་སྨོན་ལམ་འགྱུར་མེད་རྒྱལ་མཚན། བླ་རུ་དྲང་སྲོང་གཡུང་དྲུང་ཡེ་ཤེས་གཙུག་ཕུད། ཇོ་མ་དྲང་སྲོང་སྐལ་བཟང་མཁྱེན་རབ་མཐར་ཕྱིན། མགར་དྲང་སྲོང་བློ་གྲོས་སྐལ་བཟང་རྒྱ་མཚོ། གོ་ཤུར་དྲང་སྲོང་ཚུལ་ཁྲིམས་རིན་ཆེན་ལྷུན་གྲུབ། གཙང་ཚྭ་དྲང་སྲོང་རྣམ་དག་ཚུལ་ཁྲིམས་འབྱུང་གནས་བཅས་ཀྱིས་བློ་རྟགས་སྡུད་གསུམ་ནས་བཟུང་གཞུང་ཆེན་བཀའ་པོད་བརྒྱད་དམ་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་བརྡ་དག་སྙན་ངག་རྩིས་རིག་དཀར་ནག་སོགས་ལ་བགྲང་བྱ་བཅུ་ཕྲག་རིང་དུ་ཐོས་བསམ་གྱིས་བརྡར་ཤ་རྣམ་པར་བཅད་ཅིང་། ཕྱི་ནང་རུ་ཤན་དང་། རྩ་རླུང་ཞག་བརྒྱ། མུན་མཚམས་ཞེ་དགུ་སོགས་སྦྱངས་པ་ཚུལ་མཐུན་བྱས་ནས་ད་ལན་སློབ་པ་མཐར་ཕྱིན་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུའི་སྐལ་བཟང་ཤར་བར་བརྟེན། དགེ་བཤེས་ཀྱི་གྲ་སྒྲིག་བློ་འཛིན་དང་། མཆོད་ཆས། མཆོད་བཟོས་མར་རྒྱན་སོགས་ལེགས་པར་གཟབ།

 22.png

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཉག་མ་སོ་བཞི་སྟེ་བོད་མེ་བྱ་ལོའི་ཧོར་ཟླ་དྲུག་པའི་ཚེས་ཉི་ཤུ་དྲུག་ཉིན་ནས་དགེ་བཤེས་མཛད་སྒོའི་ཚོགས་ཆུང་གི་གོ་སྒྲིག་འོག་ནས་དགེ་བཤེས་མཛད་སྒོའི་སྔོན་འགྲོ་དབུ་འཛུགས་གནང་། མཛད་སྒོའི་ཉིན་དང་པོ་ཞོགས་པ་ཕྱག་ཚོད་༩ :༣༠ཐོག་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་བཤད་སྒྲུབ་མཁན་པོ། བཀའ་རམས་པ་འཇང་དྲང་སྲོང་ཚུལ་ཁྲིམས་འགྱུར་མེད་བསྟན་འཛིན། ག་རྒྱ་དྲང་སྲོང་ཚུལ་ཁྲིམས་འབྲུག་གྲགས་བསྟན་པ་བཅས་སྤོས་དང་རྒྱག་གླིང་གིས་ཕེབས་སྣེ་དྲངས་ཏེ་བླ་གྲྭ་འདུས་ཚོགས་ཡོངས་འདུ་ཁང་ཆེན་མོ་གཡུང་དྲུང་བཀྲ་གསལ་ཁང་ལ་ཕེབས་བཞུགས་གནང་། དད་སྦྱིན་ཁག་དང་ཕྱོགས་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་ལྷན་དུ་འཚོགས་ཁང་ནང་དུ་མཉམ་འཛོམས་བྱས་ཏེ་སྐུ་འགྱེད་ཟབ་ཇ་དང་འབྲས་སིལ་འདེགས་འབུས་ཞུས། བཀའ་རམས་པ་རྣམ་པ་གཉིས་ཀྱིས་སྔོན་འགྲོའི་བཤད་པ་གྱེར་བ་དང་ཉིན་གུང་གི་གཏོང་སྒོ་ཆེན་མོ་བཏང་། ཕྱི་དྲོར་ཕྱག་ཕྱོད་༣:༣༠ཐོག་བཀྲ་ཇ་དང་སྐུ་འགྱེད་བཀྲ་ཤིས་བསྔོ་སྨོན་གྱིས་མཐར་བརྒྱན་པ་དང་། དེ་བཞིན་ཉིན་གཉིས་པར་བཀའ་རམས་པ་རག་ཤི་དྲང་སྲོང་ཚུལ་ཁྲིམས་དོན་གཉིས་ལྷུན་གྲུབ། འབྲོང་ངུར་དྲང་སྲོང་སྨོན་ལམ་འགྱུར་མེད་རྒྱལ་མཚན། ཉིན་གསུམ་པར་བླ་རུ་དྲང་སྲོང་གཡུང་དྲུང་ཡེ་ཤེས་གཙུག་ཕུད། ཇོ་མ་དྲང་སྲོང་སྐལ་བཟང་མཁྱེན་རབ་མཐར་ཕྱིན། ཉིན་བཞི་པར་མགར་དྲང་སྲོང་བློ་གྲོས་སྐལ་བཟང་རྒྱ་མཚོ། གོ་ཤུར་དྲང་སྲོང་ཚུལ་ཁྲིམས་རིན་ཆེན་ལྷུན་གྲུབ། ཉིན་ལྔ་པར་གཙང་ཚྭ་དྲང་སྲོང་རྣམ་དག་ཚུལ་ཁྲིམས་འབྱུང་གནས་རྣམས་ཀྱིས་གོང་ལྟར་སྔོན་འགྲོའི་བཤད་པ་དང་གཏོང་སྒོའི་སྐུ་འགྱེད་ཟབ་ཇ་འབྲས་སིལ་གྲོ་ཞོ་བཀྲ་ཇ་བཀྲ་ཤིས་བསྔོ་སྨོན་གྱིས་མཐར་བརྒྱན་པ་སོགས་སྔོན་འགྲོའི་མཇུག་གྲུབ་པར་བྱས། མཛད་སྒོའི་ཉིན་དྲུག་པ་དང་བདུན་པ་བརྒྱད་པ་དགུ་པ་བཅས་ལ་ཉིན་ལྟར་གོ་རིམ་བཞིན་སྔ་དྲོར་བཀའ་རམས་པ་སོ་སོས་དམ་བཅའ་ངག་རྒྱུག་ཕུལ་བ་དང་ཕྱི་དྲོ་ཆུ་ཚོད་༢:༣༠ནས་བཟུང་དུས་ཚོད་བཞི་ལྷག་གི་རིང་དུ་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་དམ་བཅའ་བཞུགས་ཏེ་བླ་མེད་རྫོགས་པ་ཆེན་པོ་ནས་བརྩམས་འཛིན་གྲྭའི་ན་རིམ་ལྟར་རིགས་ལམ་བརྒལ་རྟགས་རྣམ་པར་བརྩད་ནས་རྩོད་པའི་འབྲས་རྟགས་ངོམ་པར་མཛད།

 33.png

ཉིན་བཅུ་པར་བཀའ་རམས་པ་རྣམས་བཀྲ་ཤིས་དམ་བཅའ་བཞུགས་ཤིང་རིགས་སྨྲ་བ་སེམས་དཔའ་རྒྱ་མཚོའི་ཚོགས་ནས་ཤིས་བརྗོད་བསྔོ་སྨོན་རྣམ་པར་དག་པས་མཐར་བརྒྱན། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་མཚན་རྟགས་གསུངས་ཤིང་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་བསྔོ་སྨོན་རྣམ་དག་གིས་མཚམས་སྦྱར། བཀའ་རམས་པ་རྣམ་པས་མཆོད་ཚིག་གསུངས་ནས་མཆོད་འབྲུ་དང་མེ་ཏོག་འཐོར། མཁན་རིན་པོ་ཆེ་ནས་དགེ་བའི་བཤེས་གཉེན་ཆེན་མོའི་ཕྱག་འཁྱེར་བསྩལ། བཀའ་རམས་པ་རྣམ་པས་མཚན་ཉིད་ཀྱི་ཚིག་བཀྲ་བརྗོད་ནས་འདུས་མང་སེམས་པའི་ཚོགས་དང་དད་ལྡན་སྦྱིན་བདག་རྣམ་པ་དང་ཕྱོགས་ཕེབས་སྐུ་མགྲོན་ཁག་བཅས་ཀྱིས་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་སྐལ་བཟང་གྱི་འུར་སྒྲའི་ཁྲོད་དུ་བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཤིས་སྨོན་གསོལ་འདེབས་བྱེད་བཞིན་ཁྲི་དར་ཕུལ་བ་བཅས་འདི་གའི་བཤད་སྒྲུབ་སློབ་གླིང་གི་ཐེངས་གཉིས་པའི་དགེ་བཤེས་མཛད་སྒོ་ལེགས་གྲུབ་བྱུང་བའི་གནས་བསྡུས་དང་།

44.png\

དགེ་བཤེས་ཁྲི་བཞེངས་སྐབས་ཀྱི་འདྲ་པར།

         སྒྲུྲབ་གྲྭ་བའི་སྡེ་ལས་གཤེན་གྱི་སྒྲུ་ཐོན་པ། ཀྱུང་རྒྱུད་དྲང་སྲོང་ཚུལ་ཁྲིམས་ལུང་རིག་རྒྱ་མཚོ། སོག་རུ་དྲང་སྲོང་ཡེ་ཤེས་ཉི་མ། རྨ་རོང་དྲང་སྲོང་ཚུལ་ཁྲིམས་འོད་གསལ་སྙིང་པོ། རྨེའུ་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་གཡུང་དྲུང་། སེར་ཤུལ་དྲང་སྲོང་བཀྲ་ཤིས་ཚུལ་ཁྲིམས་དབང་རྒྱལ། རག་ཤི་དྲང་སྲོང་གཙུག་ཕུད་འོད་གསལ་རྒྱལ་མཚན། ཁྲ་དྲང་སྲོང་ཚུལ་ཁྲིམས་ཀུན་བཟང་ལྷུན་གྲུབ། མ་ཧྲང་ཚུལ་ཁྲིམས་འགྱུར་མེད། ཟང་རྒྱུད་སྨོན་ལམ་ཉི་མ། དགའ་ཧ་ཚུལ་ཁྲིམས་གཡུང་དྲུང་། སེར་ཤུལ་བློ་གྲོས་འོད་ཟེར་བཅས་འབྲས་རྟགས་བཅུ་གཅིག་གི་གྲངས་མཚུངས་རྟེན་འབྲེལ་འགྲིགས་པའི་སྒྲུབ་ཐོན་རྣམས་ཀྱིས་འདུས་པ་རྒྱ་མཚོའི་ཚོགས་ལ་གཏོང་སྒོ་དང་སྐུ་འགྱེད་མང་ཇ་འབྲས་བསིལ་འདེགས་འབུལ་སོགས་ཟབ་རྒྱས་བྱས། སྐྱབས་རྗེ་མཁན་སློབ་རྣམ་པས་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་ཞེས་མཚན་གྱི་ཆེ་རྟགས་ཀྱི་གཙིགས་གནང་ཞིང་། གཞན་འདུས་མང་དང་སྐུ་མགྲོན་དད་སྦྱིན་ཁག་ནས་ཁྲི་དར་ཕུལ་བ་དང་དད་གུས་ཡིད་རང་སྐལ་བཟང་ཤིས་ཚིག་བརྗོད་པ་སོགས་ཀྱིས་རབ་བྱུང་བཅུ་བདུན་པའི་བོད་མེ་བྱ་ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་སྐབས་བཞི་པའི་སྒྲུབ་ཐོན་ལེགས་གྲུབ་བྱུང་བའི་གནས་སྡུས་སུ་བཀོད།

55.png 

སྒྲུབ་ཐོན་ཁྲི་བཞེངས་སྐབས་ཀྱི་འདྲ་པར།

མཛད་སྒོའི་གོ་སྒྲིག་ཚོགས་ཆུང་ནས་ཕུལ།   སྤྱི་ལོ༢༠༡༧།༨།༢༧ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།