བྱ་ཟེ་ཡོངས་རྫོང་དགོན་གྱི་སྒྲུབ་ཆེན་གྱི་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2017-08-10 15:13:13][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

4.jpg

བྱ་ཟེ་ཡོངས་རྫོང་དགོན་གྱི་སྒྲུབ་ཆེན་གྱི་མཛད་སྒོའི་གནས་བསྡུས།

 9.jpg

    དེ་ཡང་སྔོན་བྱོན་རིག་འཛིན་གོང་མས་ཐུགས་བསྐྱེད་ཀྱི་དྲོད་ཁོལ་དུས་སུ་སྨིན་ཞིང་། སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་བླ་སྤྲུལ་བཤེས་གཉེན་རྣམས་ཀྱིས་ལུང་དང་རྟོགས་པའི་ས་བོན་ཕྱོགས་བཅུར་བཏབ་པའི་བདག་རྐྱེན་ལས་འཛམ་གླིང་ཞིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་ལོ་འབྲས་དར་ཞིང་རྒྱས་པའི་སྐལ་བཟང་དགེ་བའི་ཆར། དབྲ་རིགས་ཁྱུང་སེར་གྱི་གདུང་འཛིན་རིམ་པར་བྱོན་པའི་གདན་ས་ཆེན་མོ་མི་ཡུལ་ལྷ་ཡི་ཕོ་བྲང་བྱ་ཟེ་ཡོངས་རྫོང་དགོན་མཐོང་སྨོན་དགའ་བ་ལྷ་རྩེ་འདི་རུ་ཡང་། ཁྲི་འཛིན་ཉེར་གཅིག་པ་དབྲ་ཁྱུང་ཤེས་རབ་གྲགས་པ་མཆོག་གི་ཕྲིན་ལས་དང་། མང་འདུས་སེམས་དཔའ་རྒྱ་མཚོའི་ནུས་ཤུགས། མངའ་སྡེ་སྤྱི་འབངས་ཡོངས་ཀྱི་རྒྱུ་འབྱོར་བཅས་ཕྱར་གྲུ་མཉམ་འདེགས་བྱས་པའི་ལག་རྗེས་སུ་བཤད་སྒྲུབ་སྒོམ་སྡེའི་བསྟན་པའི་གནས་གཞིའི་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བཀོད་ལེགས་གྲུབ་བྱུང་བར་དགའ་སྟོན་གྱི་མཛད་རིམ་དང་། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་ཐེངས་དྲུག་པའི་སྨན་སྒྲུབ་ཀྱི་མཛད་སྒོ་ཆེན་མོ་གཉིས་བོད་མེ་བྱ་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་དབུ་བཟུང་ཞིང་། ཟླ་དེ་གའི་ཚེས་བཅུ་བདུན་ཉིན་མཇུག་ཡོངས་སུ་རྫོགས་པ་སྟེ། འདི་ལྟར་བོད་ཟླ་དྲུག་པའི་ཚེས་ལྔ་ཉིན་སྔོན་འགྲོ་བཅའ་གཞིའི་རིམ་པ་ཚང་བར་བྱས་ཏེ། ཚེས་བདུན་ཉིན་དྲན་པ་གསང་སྒྲུབ་ཀྱི་སྨན་གྱི་སྒྲུབ་པ་ཆེན་མོ་དང་། རྣམ་ཀློང་གཉིས་དང་རབ་གནས་རྒྱས་པ། སྲིད་པ་རྒྱལ་མོའི་འབུམ་ཚོགས་བཅས་ཚོགས་ཁག་གསུམ་དུ་བྱས་ཏེ། བོད་ཚེས་བཅུ་གསུམ་བར་ཉིན་གྲངས་བདུན་གྱི་རིང་ཟབ་རྒྱས་ངང་འཚོགས་ཡོད་པར་མ་ཟད། ཉིན་དེ་དག་གི་རིང་ཉིན་གུང་གི་ངལ་གསོའི་དུས་ཚིགས་དང་བསྟུན་ཏེ་མཁན་པོ་དང་དགེ་བཤེས་རྣམ་པས་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལ་སྤྱི་ཚོགས་དང་ཆོས་ལུགས། གནའ་སྲོལ་དང་དེང་རབས་སོགས་བརྗོད་གཞི་བཟུང་སྟེ་ཁ་ཚ་དགོས་གཏུག་གི་བཀའ་སློབ་ལམ་སྟོན་རིམ་པར་གནང་ཡོད།

 3.jpg

   བོད་ཚེས་བཅུ་གསུམ་ཉིན་གྲྭ་ས་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དང་། རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་རྣམ་པ་གསུམ་དབུས་པའི་ཧོར་ཁྱུང་སྟོད་སྨད་བར་གསུམ་ནས་ཕེབས་པའི་བླ་སྤྲུལ་མཁན་པོ་མཁན་མོ་བཅུ་ཕྲག་ལས་བརྒལ་བར་འདོ་བ་རྟ་པ་བརྒྱ་ཕྲག་གཉིས་ལ་ཉེ་བ་དང་། དེང་དུས་འཁྱོག་འཁོར་དང་། མཐོ་རིམ་རླངས་འཁོར་སོགས་བརྒྱ་ཕྲག་དུ་མས་རྒྱང་རིང་ནས་བསུས་ཤིང་། དགོན་གྱི་ཉེ་འདབས་ནས་དགེ་འདུན་སེམས་དཔའ་སེམས་མ་དྲུག་བརྒྱ་ལྷག་ཙམ་གྱིས་སེར་ཕྲེང་ངང་མཆོད་པའི་རོལ་མོ་དང་མཛེས་པའི་དར་གདུགས་སོགས་རུ་བསྟར་གྱིས་གདན་དྲངས་ཞུས། ཉིན་དེའི་ཕྱི་དྲོར་གྲྭ་ས་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་དགེ་འདུན་ཡོངས་ལ་དྲན་པ་གསང་སྒྲུབ་ཀྱི་བཀའ་དབང་བསྐུར་ཞིང་། རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེ་དང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་རྣམ་པ་གཉིས་དབུས་པའི་བླ་སྤྲུལ་བཅུ་ཕྲག་གཉིས་ཙམ་གྱིས་གཡུང་དྲུང་ཀློང་རྒྱས་སྐབས་ཆོག་ལྟར་བྱང་བཞུ་རྒྱས་པར་མཛད།

 6.jpg

   བོད་ཚེས་བཅུ་བཞི་ཉིན་ཞོགས་ཀ་ཆུ་ཚོད་བརྒྱད་པ་ནས་གསུམ་པའི་བར་ཚོགས་མགོན་དུ་ཕེབས་པའི་བླ་སྤྲུལ་བཤེས་གཉེན་རྣམས་དབུ་བཞུགས་འོག་ཧོར་ཁྱུང་སྟོད་སྨད་བར་གསུམ་ནས་ཕེབས་པའི་དད་ལྡན་ཕོ་མོ་ཁྲི་ཕྲག་ལས་བརྒལ་བ་ལ་དབང་སྐུར་དང་སྨན་འགྱེད་གནང་ཞིང་། དགེ་སྡིག་བླང་དོར། ལས་འབྲས་སྲུང་བརྩི། ཞི་བདེ་མཐུན་སྒྲིལ། ཤེས་རིག་ཡར་བརྩོན་དགོས་སྐོར་སོགས་བླ་སྤྲུལ་རྣམ་པས་བཀའ་སློབ་རིམ་པས་གསུངས་ཏེ་མགོ་ཐོག་ལ་བུམ་པ་དང་། སེམས་ཐོག་ལ་བསླབ་བྱའི་གདམས་ངག་ཞིབ་ཅིང་སྨར་བ་བསྩལ།

7.jpg 

   ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གནང་རྒྱུ་དེ་དགོན་པ་ཞིག་དང་འདུས་སྡེ་ཞིག་ལ་མཚོན་ན་ལས་འགན་གཙོ་བོ་ཡིན་པས་ན། ཀུན་ལ་མིག་དཔེ་དང་དྲན་སྐུལ་གྱི་ཆེད་དང་རྟེན་འབྲེལ་གྱི་ཚུལ་དུ་ཉིན་དེའི་ཕྱི་དྲོར་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་བདུན་དང་ཕྱེད་ཀའི་བར་ཚོགས་ཞུགས་སུ་ཕེབས་པའི་བཤད་གྲྭ་བ་རྣམས་ཀྱིས་དགག་རྟགས་ཀྱི་ལམ་ནས་རྩོད་དང་རྩོད་སྤོང་གནང་ཞིང་མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར་བར་མཛད།

 1.jpg

   བོད་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་དབལ་ཁྱུང་ལྷུན་པོ་རྫོང་གི་གསས་ཁང་གི་སྒོ་དྲུང་འཆམ་རའི་དབུས་སུ་འདུས་པ་རྒྱ་མཚོ་སྟབས་ཅིག་ཏུ་རྒྱས་འཚོགས་ངང་། ཚོགས་འདོན་རྣམས་གསུང་གྲུབ་རྗེས་མཁན་རིན་པོ་ཆེ་དང་རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེ། དབྲ་ཁྱུང་ཤེས་རབ་གྲགས་པ་རིན་པོ་ཆེ་རྣམ་པ་གསུམ་གྱིས་གསས་ཁང་སྒོ་འབྱེད་དང་འབྲེལ་འདུས་སྡེ་བྱིངས་ནས་ཀློང་རྒྱས་ཀྱི་སྒོ་དབྱེ་དང་སྟོན་པ་ཐུགས་རྗེ་དབྱངས་སུ་གྱེར། རྣམ་པ་གསུམ་ཚོགས་ཁྲི་ལ་འཁོད་པ་དང་། དགེ་བཤེས་ཤེས་རབ་བསྟན་འཛིན་ནས་མདོ་འཛིན་གྱིས་ཚོགས་གྲལ་དུ་འཁོད་པའི་བླ་སྤྲུལ་ཕོ་མོ་འདུས་སྡེ་ཡོངས་ལ་སྒྲུབ་བའི་གཏང་རག་གི་ཚུལ་དུ་དངུལ་འགྱེད་དང་ཚན་པ། སྒྲུབ་བའི་དྲན་རྟེན་གྱི་ལག་རྟགས་ཁག་རིམ་གྱིས་ཕུལ་ཞིང་། འདུས་མང་ནས་བཀྲ་ཤིས་ཀྱི་ཆོ་ག་དང་སྨོན་ལམ་རྣམ་གསུམ་གསུངས་ཏེ་སྒྲུབ་བའི་མཇུག་ལེགས་པར་གྲུབ།

 10.jpg

   བོད་ཚེས་བཅུ་དྲུག་ནས་བཅུ་བདུན་བར་བྱ་ཟེ་ཡོངས་རྫོང་དགོན་མཐོང་སྨོན་དགའ་བ་ལྷ་རྩེའི་ཕྱི་ནང་བཞེངས་བཀོད་ལེགས་གྲུབ་བྱུང་བའི་དགའ་སྟོན་གླུ་གར་གྱི་མཆོད་པ་སྟེ། མདོ་སྟོད་སྨད་བར་གསུམ་ནས་ཕེབས་པའི་གཞས་པ་དང་གཞས་མ་ཚོས་འཚང་ཁ་ཤིག་ཤིག་ངང་དགའ་སྤྲོའི་གླུ་གཞས་དང་། དམིགས་བསལ་ཁྱུང་པོའི་སྲོལ་རྒྱུན་གྱི་རས་པ་སོགས་གནའ་དེང་གི་གཞས་དང་ཞབས་བྲོ་སྣ་ཚོགས་ཀྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་ལྟ་བ་མིག་གི་ལོངས་སྤྱོད་དང་། ཉན་པ་རྣ་བའི་བདུད་བརྩི་ཅི་དགར་བཤམས་པ་སོགས་མདོར་ན་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་ཐེངས་དྲུག་པའི་སྨན་སྒྲུབ་ཀྱི་མཛད་སྒོ་ཆེན་མོ་དང་། བྱ་ཟེ་ཡོངས་རྫོང་དགོན་མཐོང་སྨོན་དགའ་བ་ལྷ་རྩེའི་ཕྱི་ནང་གི་བཞེངས་བཀོད་ལེགས་གྲུབ་བྱུང་བའི་དུས་སྟོན་སོགས་མགོ་མཇུག་བར་གསུམ་ཁ་དགེ་བ་དང་བག་དྲོ་བ། མདོ་ཆེ་བ་དང་། དོན་ཡོད་པའི་ངང་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་འདི་གའི་གོ་སྒྲིག་ཚན་ཆུང་ནས་2017/8/10ཉིན་སྤེལ།

2.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།