གཏམ་བཟང་གསལ་བསྒྲགས།

[ཟླ་ཚེས། 2017-05-02 23:52:23][རྩོམ་པ་པོ། གོ་སྟོན་གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg
111.jpg

   ༄༅།།འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་རང་ཅག་༸ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་བླ་སྤྲུལ་སྐྱེས་མཆོག་རྣམ་པ་དང་། མཐོ་རིམ་གནད་ཡོད་མི་སྣ་ལྷན་རྒྱས་སོགས་མདོར་ན་ཕྱོགས་དང་རིས་སུ་མ་ཆད་པའི་དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་དབང་དུ་ཁམས་བདེའི་འཚམས་འདྲི་ཞུ་བ་དང་བཅས་གཏམ་བཟང་གསལ་བསྒྲགས་ཞུ་རྒྱུར།

ཀུན་གྱིས་མཁྱེན་ཆུབ་བཞིན་དེང་ཡངས་པའི་འཇིག་རྟེན་ཁམས་འདིར་སྐྱེ་དགུ་ཕན་བདེའི་འབྱུང་གནས་བཤད་སྒྲུབ་གཉིས་ཀྱིས་བསྡུས་པའི་ལུང་རྟོགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་འདི་ཉིད་ཡར་ངོའི་ཟླ་བ་དང་། དབྱར་གྱི་རྒྱ་མཚོ་བཞིན་འཕེལ་ཞིང་རྒྱས་བཞིན་པ་ནི་༸རྗེ་རྒྱལ་བ་གཉིས་པ་མཉམ་མེད་སྨན་རི་བ་ཆེན་པོ་མཆོག་གི་འཇིག་རྟེན་སྙིང་རྗེས་རྗེས་སུ་བཟུང་ནས་སླར་ཡང་སངས་རྒྱས་མི་གཟུགས་སུ་བྱོན་པ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་ཐུགས་སྟོབས་རྨད་དུ་བྱུང་བའི་མཐུ་ལས་བྱུང་བ་སོགས་མགོན་པོ་གང་ཉིད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་ཐར་པ་མཐའ་དག་སོ་སྐྱེའི་བློ་ཡིས་དཔོག་པར་མི་ནུས་པའི་ཚད་དུ་གྱུར་པ་ནི་སྨོས་ག་ལ་དགོས། དེས་ན་འཆར་ལོའི་ནང་༸དཔོན་གསས་བླ་མ་གང་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐུ་སྐྱེ་བ་བཞེས་ནས་དགུང་གྲངས་དགུ་ཅུ་ཐམ་པ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཁེལ་ཡོད་སྟབས། ༸དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། སྐྱབས་འོག་དད་འབངས་ལྷ་མི་སྡེ་དགོན་ཡོངས་རྫོགས་བདེ་སྐྱིད་ཕུན་སུམ་ཚོགས་པའི་བསྐལ་པ་བཟང་པོ་འདིར་མགོན་པོ་གང་གི་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་རྗེས་དྲན་དང་། རང་ཅག་རྣམས་ཀྱང་དགའ་བདེ་སྐྱིད་གསུམ་གྱི་དཔལ་ལ་འཚོ་བའི་ངོ་བོར་མཚོན་པའི་‘‘༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་གོ་སྟོན་’’རྒྱས་པ་ཞིག་གོ་སྒྲིག་ཞུ་རྒྱུ་ནི་ངེད་ཅག་སྐྱབས་འོག་པ་རྣམས་བསམ་འདུན་གཅིག་གྱུར་ཡིན་པ་མངོན་གསལ་དུ་གྱུར་མོད།

དེས་ན་ཉེ་ཆར་སྐྱོང་སྤྲུལ་རིན་པོ་ཆེས་ལམ་སྟོན་ལྟར་ཕྱི་ལོ་༢༠༡༧་ཟླ་༤་ཚེས་༡༢་དང་བོད་མེ་བྱ་ལོའི་ཟླ་༢་ཚེས་༡༥་༸རྒྱལ་བ་སྨན་རི་བའི་སྐུ་ཡི་བླ་གཟའི་ཉིན་འབྲེལ་ཡོད་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་ཐུན་མོང་ནས་རྟེན་འབྲེལ་མཚོན་ཕྱིར་དཀར་གཙང་གི་མཇལ་དར་དང་ལྷ་རྫས་མེ་ཏོག་གི་མཆོད་པས་སྣ་དྲངས་ཏེ་༸སྐྱབས་རྗེ་མཆོག་ལ་དེ་ལྟར་དགུང་གྲངས་དགུ་ཅུའི་གོ་སྟོན་གོ་སྒྲིག་ཞུ་འཐུས་ཆོག་པ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་ཁྲོལ་གསུང་གི་དབུགས་དབྱུང་དགྱེས་བསྩལ་གནང་བའི་གཏམ་བཟང་དེ་ཉིད་སྤྲོ་བ་ཆེན་པོས་ཕྱོགས་སུ་བཞུགས་པ་ཀུན་ལ་སྙན་གསན་ཞུ་རྒྱུ་དང་སྦྲག་འདི་ནས་ཀྱང་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུར་བཞུགས་ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ཀའི་ལས་ཀྱི་སྣེ་མོར་གཏོགས་པ་གཙོ་བོར་བྱས་ཏེ་གནད་ཡོད་མི་སྣ་རྣམས་ཆེད་སྐོང་གིས་བཀའ་བསྡུར་རིམ་པས་བྱས་ཏེ་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་གཙོ་འགན་བཞེས་རྒྱུའི་ཐོག་གོ་སྟོན་གོ་སྒྲིག་ཚོགས་ཆུང་བསྐོ་བཞག་བྱས་ཡོད་པ་མ་ཟད། འཆར་ལོ་སྟེ་སྤྱི་ལོ་༢༠༡༨་ཟླ་༤་ཚེས་༣་དང་བོད་ས་ཕོ་ཁྱི་ལོའི་ཟླ་༢་ཚེས་༡༨སྐུ་ཡི་བླ་གཟའ་དང་གཟའ་སྐར་འཕྲོ་སྦྱོར་ཤིན་ཏུ་ལེགས་པའི་ཉིན་དངོས་གཞིའི་བརྟན་བཞུགས་ཆེན་མོ་བསྟར་འབུལ་ཞུ་རྒྱུར་ཐུགས་གཏན་ཁེལ་ཡོད་པ་དང་། དེའི་སྔོན་དུ་བདུན་ཕྲག་གཅིག་ལྷག་རིང་སྐུ་ཕྱྭའི་ཞབས་རིམ་དང་དེ་བཞིན་རིག་འཛིན་འདུས་པའི་སྨན་སྒྲུབ་ཆེན་མོ་འཚོགས་རྒྱུ་དང་། རྗེས་སུའང་བྲོ་གླུ་གཞས་གསུམ་སོགས་གཏང་རག་གི་མཛད་སྒོ་ཟབ་རྒྱས་གོ་སྒྲིག་ཞུ་རྒྱུ་བཅས་ཞིབ་ཕྲའི་མཛད་རིམ་རྣམས་རིམ་བཞིན་ཞུ་རྒྱུ་ཡིན་པས་རང་ཅག་བོན་འབངས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་དུས་ཚིགས་ཁྱད་པར་ཅན་གྱི་མཛད་སྒོ་འདིར་ས་ཐག་ཉེ་རིང་ལ་མ་ལྟོས་པར་ཉིན་བརྒྱ་དུས་གཅིག་ཏུ་༸འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་བླ་ཆེན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་གོ་སྟོན་བསྲུང་བརྩི་མཉམ་ཞུ་ཐུབ་པའི་རེ་སྨོན་དང་བཅས་ཏེ།

༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས།

ཕྱི་ལོ་༢༠༡༧་ཟླ་༥་ཚེས་༢་ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།