བོད་ནས་ལོ་ངོ༢༧༠༠ཡི་ལོ་རྒྱུས་ལྡན་པའི་གནའ་བོའི་པུར་ཁང་གསར་དུ་རྙེད།

[ཟླ་ཚེས། 2017-03-28 10:33:42][རྩོམ་པ་པོ། རྩོམ་སྒྲིག་པ། བསྟན་འཛིན།][རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།][ཀློག་གྲངས། ]

 སྤྱི་ལོ་༢༠༡༦ལོའི་ལོ་མཇུག་ལ།  བོད་ལྗོངས་ཤར་རྒྱུད་ཁུལ་གྱི་སྤོ་སྟོད་གཙང་པོའི་ཆུ་རྒྱུད་ཁུལ་གྱི་ཨ་སྒང་རོང་དུར་ས་ནས་ལོ་ངོ་༢༧༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་གཡམ་པུར་ཁང་ཁྱོན༡༣གསར་དུ་རྙེད།  བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཞིབ་འཇུག་སྐུ་གཞོན་ཤར་རྒན་དབང་འདུས་ཀྱིས་སྤྱི་ཚེས་༢༡ཉིན་སྐོང་འཚོགས་གནང་བའི་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་༢༠༡༦ལོའི་ཆེད་ལས་ལས་དོན་སྤྱི་དམངས་མཉམ་སྤྱོད་སྙན་ཞུའི་ཚོགས་འདུའི་ཐོག  ཐེངས་འདིར་རྙེད་པའི་དུར་ས་དེས་བོད་ཀྱི་གནའ་བོའི་དུར་སའི་རིག་གནས་དང་།  ཡུལ་གོམས་གཤིས་ལུགས་ལ་ཞིབ་འཇུག་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་ལ། དེ་ནི་ཡིག་འགོད་མེད་པའི་སྐབས་ཀྱི་མིའི་རིགས་འཕེལ་རྒྱས་བྱུང་ཚུལ་ལ་ཤེས་རྟོགས་དང་། ཞིབ་འཇུག་བྱ་བར་གཞི་འཛིན་སའི་ཁུངས་བཙན་པོ་ཞིག་རེད་ཅེས་གསུངས་པ་རེད། 

༢.jpg

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ།

      ཨ་སྒང་རོང་དུར་ས་ནི་བོད་ལྗོངས་ཤར་རྒྱུད་ཁུལ་དུ་གནས་ཤིང་།  ས་བབ་རྨིད་༢༩༠༠ལ་ཉེ་བའི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་ཁོངས་སུ་ཡོད།  ཤར་རྒན་དབང་འདུས་ཀྱིས་ཐེངས་འདིའི་གནའ་དཔྱད་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནང་རྙེད་པའི་རུས་པ་བསྐྱར་བསྡུས་ཀྱི་དུར་འཇུག་གཙོ་བོ་བྱས་པ་ལ་།  རུས་བཀུམས་དུར་འཇུག་གི་ལུགས་སྲོལ་ཡོད་པའི་པུར་ཁང་ཁྱོན་བསྡོམས་༡༣རྙེད་པ་དང་།  དེའི་ཁྲོད་པུར་ཁང་༡༡ནི་དཔེ་མཚོན་ཅན་གྱི་རྡོ་གཡམ་པུར་ཁང་ཡིན་ལ།  ༢ནི་རྡོ་སྐྱོར་པུར་ཁང་རེད་ཅེས་གསུངས་པ་རེད། 

640.jpg

ཁ་མ་དབྱེ་སྔོན་གྱི་པུར་ཁང་གི་བཟོ་ལྟ།

      ཤར་རྒན་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར།  སྐབས་དེའི་ཡུལ་གོམས་གཤིས་ལུགས་ལ་གཞིར་བཅས་ན།   འདས་པོའི་རུས་པ་ཡོངས་སུ་རུལ་དུ་བཅུག་རྗེས།  རུལ་ཟིན་པའི་རུས་པ་དག་བསྐྱར་བསྡུ་བྱས་ནས་ཡང་བསྐྱར་དུར་འཇུག་བྱེད་ཀྱི་ཡོད་པ་རེད།    རྟོག་ཞིབ་བྱས་པ་བརྒྱུད།   དེང་གི་ཆར་ཆུ་མདོ་གྲོང་རྡལ་ཁུལ་དུ་སྔར་རྒྱུན་བཞིན།  རུས་པ་བསྐྱར་བསྡུས་ཀྱི་དུར་འཇུག་བྱ་ཐབས་མུ་མཐུད་སྤྱོད་ཀྱི་ཡོད་པས།  དེ་ནི་ལོ་༢༧༠༠གོང་གི་གནའ་བོའི་དུར་འཇུག་བྱ་ཐབས་ལས་མིའི་རིགས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་ཐུབ་ཆེད་རིན་ཐང་བྲལ་བའི་དཔྱད་གཞི་ཞིག་རེད་ཅེས་གསུངས་ཡོད།

༠༣.jpg

ཁ་ཕྱེ་ཚར་རྗེས་པུར་ཁང་གི་རྣམ་པ།

      གནའ་དཔྱད་རྟོག་ཞིབ་མི་སྣས་ས་ཡུལ་དངོས་ནས་ཤེས་རྟོགས་ཐུབ་པར།   པུར་ཁང་ཁག་༡༣ལ་གཞི་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་༧༠༠ལྷག་ཡོད་པ་དང་། པུར་ཁང་རེ་རེའི་དཀྱུས་ལ་ལི་རྨིད་༨༠དང་།  ཞེང་ལ་ལི་རྨིད་༥༠ཡོད་པ་རེད།  དུར་ས་ནས་ཐོན་པའི་མིའི་རུས་པར་བརྟག་ཞིབ་བྱས་པའི་གྲངས་གཞི་ལ་གཞིགས་ན།  དེའི་ལོ་རྒྱུས་རིང་ལ།   ད་བར་དུ་ལོ་༡༨༠༠ནས་༢༧༠༠བར་གྱི་ལོ་རྒྱུས་ཡོད་པ་དང་།  དེའི་ཁྲོད་ལོ་གྲངས་སྔ་ཤོས་ནི་སྤྱི་ལོའི་སྔོན་གྱི་༧༥༠ནས་སྤྱི་ལོའི་སྔོན་གྱི་ལོ་༤༠༥བར་དུ་རེད།

༠༤.jpg

གནའ་དཔྱད་མི་སྣས་དུར་ཁུང་སྔོག་བཞིན་པ།

      དུར་ས་འདིའི་པུར་ཁང་གཉིས་ཀྱི་ནང་དུ་སྤྱིར་ཆ་ཚང་བའི་མིའི་རུས་སྒྲོམ་ཁག་༢ཡོད་པ་དང་། པུར་ཁང་ཁག་༩ཡི་ནང་དུ་མིའི་རུས་པ་ཉུང་ཤས་དུར་འཇུག་བྱས་ཡོད་པ་རེད།  དུར་སའི་ནང་དུ་ད་དུང་རྫ་ཆས་དང་།  རྡོ་ཆས།  ལྕགས་རིགས་སོགས་ཡོད་པའི་ཁྲོད་ཆ་ཚང་བའི་རྫ་ཆས་ཁག་༨དང་།  རྡར་རྡོ་༡ ལིའི་མདའ་ལྕགས་༣  དེ་བཞིན་ལྕགས་རོ་ཁག་ཅིག་ཐོན་ཡོད་པ་རེད།

༠༥.jpg

      གནའ་དཔྱད་སྔོག་འདོན་སྔོན་ལ་མང་ཚོགས་ལ་རིག་དངོས་སྲུང་སྐྱོབ་སྐོར་གྱི་གསལ་བསྒྲགས་བྱེད་བཞིན་པ།

      ཤར་རྒན་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར།  སྤྱི་ལོ་༢༠༡༦ལོའི་ལོ་སྨད་དུ།   སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་གྱི་དཔའ་ཁང་གྲོང་ཚོ་ནས་ཡུལ་གསར་གྲོང་ཚོ་བར་གྱི་ལམ་བུ་བཟོ་བཅོས་བྱེད་སྐབས། ལམ་བཟོ་བས་དུར་ས་མང་པོ་རྙེད་པ་ཤེས་རྗེས། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་།  རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གིས་སྤོ་བོ་རྫོང་རིག་དངོས་ལས་མི་དང་། ཉིང་ཁྲི་གྲོང་ཁྱེར་རིག་དངོས་ཅུད་ཀྱིས་སྙན་ཞུ་བྱས་བཞིན་འཕྲལ་དུ་གནའ་དཔྱད་རྟོག་ཞིབ་མི་སྣ་ས་ཡུལ་དངོས་སུ་མངགས་གཏོང་བྱས་ནས།  ཨ་སྒང་རོང་གི་དུར་སར་སྲུང་སྐྱོབ་རང་བཞིན་གྱི་གནའ་དཔྱད་རྟོག་ཞིབ་ལས་དོན་སྤེལ།   ཁོང་གིས་ཨ་སྒང་རོང་གི་དུར་སའི་མིའི་རུས་པའི་ཐོག་ནས་ལོ་རབས་ཀྱི་གྲངས་གཞི་རྟོགས་ཐུབ་པ་དེས་སྤོ་བོ་རྫོིང་གི་ས་ཁོངས་མ་ཟད་།  བོད་ཤར་རྒྱུད་ཀྱི་རྡོ་སྒྲོམ་དུར་སའི་ཐད་ཞིབ་འཇུག་བྱ་རྒྱུར་ཚན་རིག་དང་མཐུན་པའི་གྲངས་གཞིའི་རྒྱབ་རྟེན་མཁོ་འདོན་ཐུབ་ཡོད་ཅེས་གསུངས་ཡོད་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།