རྟོགས་ལྡན་ཁྲི་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་འཐིམ་པའི་གནས་ཚུལ།
[ཟླ་ཚེས། 2016-10-16 20:04:27][རྩོམ་པ་པོ། རྟོགས་ལྡན་དགོན་དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་གྱི་བླ་མ་རྟོགས་ལྡན་སྐྱབས་རྗེ་༧ཁྲི་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་
དགོངས་པ་བོན་དབྱིངས་སུ་འཐིམ་པའི་སྐོར་གྱི་གནས་ཚུལ་མདོར་བསྡུས།
དེ་ཡང་མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་ཕྱུག་པའི་སྐྱབས་མཆོག་འགྲོ་བའི་མགོན་པོ་རྟོགས་ལྡན་ཁྲི་ཆེན་༧འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་ནི་ཆུ་བཞི་ཞིང་ཆེན་ཁྱུང་མཆུ་རྫོང་ཚྭ་རུ་མ་སྡེ་བར་དགོས་འདོད་ཚང་ལ་བོད་རབ་བྱུང་བཅུ་དྲུག་པ་ཆུ་མོ་བྱ་སྟེ་སྤྱི་ལོ1935ལོའི་བོད་ཟླ༤ཚེས་༡༡ཉིན་ལ་སྐུ་འཁྲུངས། རྗེ་ཉིད་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོས་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་གྱི་བླ་རབས་བཞི་བ་སྤྲུལ་སྐུ་ཁྲོ་གཉེར་རྒྱལ་མཚན་གྱི་ཡང་སྤྲུལ་གསུམ་པར་ངོས་འཛིན་གནང༌། 1943ལོར་རྨེའུ་རྒྱལ་གཙོས་སྡེ་དགོན་ལྷན་འཛོམས་ཀྱིས་རྟོགས་ལྡན་དགོན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་གསེར་ཁྲིར་མངའ་གསོལ་མཛད། དུས་དེ་ནས་བཟུང་དགོན་པའི་བོན་སྲིད་ལུགས་གཉིས་ཀུན་ལ་ཐུགས་བཞེས་གནངས་སྟེ་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་ལ་ཕན་པའི་འཕྲིན་ལས་རྒྱ་ཆེན་སྤེལ་བ་སོགས་ནི་རིན་པོ་ཆེའི་རྟོགས་བརྗོད་དད་མོས་པད་ཚལ་བསྐྱེད་པའི་གྲུ་ཆར་བཀྲ་ཤིས་དགེ་ལེགས་དཔལ་སྟེར་ནོར་བུ་རུ་གསལ་བ་ལགས་སོ།།
རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌།། རྟག་པར་འཛིན་རྣམས་སུན་འབྱིན་དགེ་སྐུལ་ཕྱིར།།
མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།། བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།།
ཅེས་གསུངས་པ་ལྟར་ད་ལམ་འགྲོ་བ་ཡོངས་ཀྱི་སྐྱབས་གནས་སྒོས་སུ་རང་ཅག་རྣམས་ལ་མེ་ཏོག་ཕོག་པའི་ལྷ་སྐལ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁས་བཙུན་བཟང་གསུམ་གང་གིས་ཀྱང་འགྲན་ཟླ་བྲལ་བ་ཀུན་མཁྱེན་གྲུབ་དབང་༧སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན་ནས་བདུན་ཕྲག་གཉིས་དང་ཉིན་འགའ་ཙམ་འགོར་བ་རེད་ལགས། གཏམ་ངན་འདི་གོ་དུས་སེམས་ཀྱི་སྡུག་བསྔལ་བཟོད་པར་དཀའ་བ་སྨྲོས་མེད་ཡིན་མོད། སེམས་ལ་ངར་ཕུད་སྙིང་ལ་རུས་ཆུག རང་གི་དད་སེམས་ལ་གཡོ་བ་མེད་ན་བླ་མའི་སྐུ་ཡལ་ཀྱང་བྱིན་རླབས་ཡལ་བ་མེད་པའི་ངང་ཚུལ་སེམས་ལ་ཉོར། སྤྱིར་རིན་པོ་ཆེ་སྐྱེ་འཆི་ལ་རང་དབང་འབྱོར་བའི་རྟགས་སུ་ད་ལོ་སྐུ་སྙུང་བའི་སྐབས་ལ་ཉག་སྤྲུལ་གཙོས་ཞབས་འབྲངས་པ་ཡོངས་ནས་ཞིང་ཆེན་སྨན་ཁང་ལ་ཕེབས་དགོས་ཚུལ་ཡང་ཡང་ཞུས་ཀྱང་བཟང་རུང་ངན་རུང་ང་འཆི་ས་དགོན་པ་འདི་ཡིན་ཞེས་བཀའ་བཀྱོན་ཞིང་དེ་མིན་ད་ལོ་ཚུལ་ཆེན་རིན་པོ་ཆེའི་གྱ་སྟོན་གྱི་མཛད་སྒོར་ཞུགས་དགོས་ཚུལ་གསུངས་ནས་ཞལ་བཞེས་མ་གནང་བ་རེད།
དེ་བཞིན་དུ་གྱ་སྟོན་གྱི་མཛད་སྒོ་ལ་སྐུ་དངོས་སུ་ཕེབས་ནས་སྐབས་དེར་ཉིན་གསུམ་གྱི་རིང་ལ་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཡོངས་ལ་ཕྱག་ལག་དྲོད་མོས་འཇལ་ཁ་བཞག་ནས་དད་ལྡན་ཡོངས་ཀྱི་རེ་འདོད་ཡིད་ཀྱི་རེ་བ་བསྐང༌། དེ་ནས་རེ་ཞིག་སྐུ་སྙུང་བའི་ཚུལ་བསྟན་ནས་རང་རྫོང་སྨན་ཁང་དུ་ཕེབས་ཀྱང་ད་ང་སྨན་ཁང་ནས་འདུག་རྒྱུ་མིན་མགྱོགས་པོར་དགོན་པ་ལ་འགྲོ་གསུངས་ནས་སྐུ་འཁོར་དང་བཅས་པ་དགོན་པར་འབྱོར། དེ་ནས་གཟིམ་ཁང་རྩེ་ཤོད་ཉི་མ་ལྷ་ཁང་དུ་ཕེབས་ནས་ད་ཁྱེད་ཚོར་སྒོར་བུད་ཅེས་འཁོར་རྣམས་ལ་བཀའ་ཕབས་ནས་ཡུན་རིང་བོར་མ་ཐོགས་པ་དགོངས་པར་བཞུགས། དེ་ལྟར་དགོངས་རྫོགས་ཀྱི་མཛད་པ་དག་སྔོན་བྱོན་གྲུབ་དབང་དག་གི་རྣམ་ཐར་དང་དུ་བླངས་ནས་ན་དགའ་འཆི་སྤྲོ་ཡི་གདམ་པ་ལ་ཉམས་བྱང་ཆུབ་པས་མཛད་པ་གསེར་ནག་གི་ས་གཞི་ལ་དངུལ་དཀར་གྱི་མེ་ཏོག་བཏབས་ནས་བདེ་བར་གཤེགས་པའི་ལང་ཚོ་ངོམ་པའི་རྣམ་ཐར་དང་བ་འདྲེན་བྱེད་དག་མང་དུ་མཆིས་སོ།།
ད་ལམ་སྐབས་སུ་བབས་པ་ནི་བླ་མའི་གདུང་མཆོད་ཚེ་རབས་རྗེས་འཛིན་གྱི་མཆོད་སྤྲིན་ཕུལ་བའི་རིམ་པ་རེད། རང་དགོན་འདི་ནས་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དང་གདོང་ལི་ཚང༌། ཉག་སྤྲུལ་རྣམས་ཀྱིས་དབུས་པའི་དོ་དམ་ཁང་དང་ལས་སྣེ་གོང་འོག་ཞབས་འབྲངས་འཁོར་ཚོགས་སེར་སྐྱ་མང་ཚོགས་ཡོངས་ཀྱིས་བླ་མའི་གདུང་མཆོད་རྒྱས་འབུལ་བྱེད་བཞིན་ཡོད་ལ། བླ་མ་གྲྭ་ཚང་གིས་འདུ་ཁང་དང་བླ་བྲང་ཁག་ནས་གདུང་མཆོད་འབུལ་བ་དང་སྡེ་བ་སོ་སོས་དར་ཇོག་དང་མཆོད་མེ་གྲངས་བརྗོད་དུ་མེད་པའི་གདུང་མཆོད་འབུལ་བཞིན་ཡོད། དེ་མིན་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་ཤར་ཁོག་དགའ་མལ་དགོན་ཆེན་གྱི་མཁན་ཆེན་བླ་མ་ཚེ་རིང༌། སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ། བོན་བརྒྱའི་སྤྲུལ་སྐུ་གཡུང་དྲུང་བསྟན་འཛིན་དབང་རྒྱལ། ཟླ་གྲགས་སྤྲུལ་སྐུ་བླ་མ་ནམ་མཁའ་ཡང་སྟོན་ཚང་སྤྲུལ་འཆི་མེད་གཡུང་དྲུང༌། མྱུར་མགྱོགས་སྤྲུལ་སྐུ། སྤྲུལ་ཉི་མ་བསྟན་འཛིན། ཨ་ལགས་ལྷ་དཀར། མཁར་སྤྲུལ་སྐུ་འབྲོག་དགེ་དགོན་གོང་མའི་སྤྲུལ་སྐུ་སོགས་ཀྱི་གཙོས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་དགེ་བཤེས་སྐྱེས་ཆེན་མང་པོ་དང་དམ་པ་ཁོང་གི་མདོ་དབུས་ཁམས་གསུམ་ན་བཞུགས་པའི་སློབ་བུ་རྣམས་ཀྱི་གཙོས་དགོན་སྡེ་སོ་སོའི་དགོན་བདག་དག་དང་དོ་དམ་མི་སྣ་གྲྭ་བཙུན་དད་ལྡན་མང་ཚོགས་ཀུན་གྱིས་གསོལ་བ་འདེབས་བཞིན་ཕེབས་པ་དང་ཉིན་བཅུ་བཞིའི་རིང་ལ་གདུང་མཇལ་དང་བརྐྱང་ཕྱག་བྱེད་མཁན་རྒྱུན་མི་ཆད་པ་ལགས་སོ།།
བླ་མ་རིན་པོ་ཆེས་གདུང་མཆོད་ལ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དང་ཚོགས་འདུ་ལས་སྣེའི་གྲོས་བྱས་སྟེ་བླ་མ་གདན་ཞུ་མཛད་པའི་རིམ་པ་ནི། སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེས་ངོ་སྤྲོད་གསུང་པ་དང་དགོངས་གྲོལ་ཉིན་དང་པོ་སྐྱབས་རྗེ་གདོང་ལི་རིན་པོ་ཆེ་དང་ཉིན་གཉིས་པར་ཞི་སྤྲུལ་བསྟན་པ་དར་རྒྱས་རིན་པོ་ཆེ། ཉིན་གསུམ་པར་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་ཞག་གསུམ་སྔ་མོར་རྟོགས་ལྡན་དགོན་དང་སྣང་ཞིག་དགོན་གྱི་གྲྭ་ཚང་ལྷན་རྒྱས་གདན་འདྲེན་ཞུས། གདུང་སྦྱོང་སྦྱིན་བསྲེག་ལ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཀུན་རིག་གི་སྦྱིན་བསྲེག་ལ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ། དེ་མིན་བདུན་རེ་ལ་སྣང་ཞིག་སྐྱབས་མགོན་གཙོས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་བླ་སྤྲུལ་རྣམས་གདན་ཞུ་དང་རྔ་ཡུལ་གྱི་དགོན་སྡེ་གཙོས་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་ལ་ཕྱག་འགྱེད་ཅི་འབྱོར་གྱིས་གདུང་མཆོད་བྱེད་རྒྱུ་དང་རྟོགས་ལྡན་དགོན་གྱི་སྒྲུབ་པ་གྲྭ་ཚང་དང་སྒྲུབ་ཐོན་པ་དག་གིས་བླ་བྲང་ནས་མ་རྒྱུད་ཚོགས་འཁོར་དང་ཞི་ཁྲོ། ཡབ་སྲས་སོགས་ཀྱི་ཚོགས་ཀྱི་གདུང་མཆོད་ཕུལ་བ་དང༌། གྲྭ་ཚང་འདུས་སྡེས་སངས་རྒྱས་ཀྱིས་མཛད་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ཡང་སྤྲུལ་མྱུར་འབྱོན་གསུང་བ་དང༌། དགོང་མོར་བླ་བྲང་ནས་ཁང་ཚན་བཞིས་རེས་མོར་བྱས་དེ་སྨོན་ལམ་རྣམ་གསུམ་གསུང་བ་དང་འདུ་ཁང་མདུན་ནས་བླ་སྤྲུལ་དགེ་བཤེས་འདུས་སྡེ་ལྷན་རྒྱས་དང་དགེ་བསྙེན་པ་ཡོངས་ཀྱིས་བླ་མའི་གསོལ་འདེབས་དང་སྨོན་ལམ་རྣམ་གསུམ་མཉམ་འདོན་རྒྱུན་དུ་བྱས། གདུང་མཆོད་ཉིན་བཅོ་ལྔ་དང་ཀུན་བཟང་རྒྱལ་བ་རྒྱ་མཚོའི་སྨྱུང་ཆེན་ཉིན་བརྒྱད་ལ་འཚོགས་བཞིན་ཡོད་པ་དང་ཞེ་དགུ་བར་རྒྱུན་དུ་སྒྲུབ་ཐོན་པ་བརྒྱད་ཀྱིས་བླ་བྲང་ནས་གདུང་མཆོད་འབུལ་རྒྱུ་དང༌། ད་དུང་མཆོད་འབུལ་རྒྱ་ཆེན་གྱི་སྐོར་སྐབས་ལྟར་ཞུ་འབུལ་བྱ།
སྤྱི་ལོ2016ལོའི་ཟླ10ཚེས10ཉིན་གདུང་འབུལ་དངོས་སུ་བྱས་པ་ཡིན་ལ། ཞོགས་པར་གདུང་ཁང་མདུན་དུ་དཀྱིལ་འཁོར་སོགས་བཀོད་སྒྲིག་ལེགས་པར་བྱས། ཆུ་ཚོད་༡༠སྟེང་དུ་དད་ལྡན་མང་ཚོགས་རྣམས་འདུས་ཤིང་རྟོགས་ལྡན་བླ་གྲྭ་གཙོས་ཕྱོགས་ཕེབས་བླ་སྤྲུལ་གྲྭ་ཚང་ཀུན་གྱི་སེར་འཕྲེང་སྒྲིག་པ་དང་གདུང་མདུན་ནས་དར་དང་ཕན་རྒྱལ་མཚན་གླིང་བུ་སྤོས་འདྲེན་དང་བླ་སྤྲུལ་རྣམས་ཀྱིས་རིམ་པར་བསུས། གདུང་ཁང་དུ་གདོང་ལི་རིན་པོ་ཆེ་དང་ཉག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་གདུང་འཇུག་བྱས། གཏོ་བུའི་སྦྱིན་སྲེག་ལྟར་བླ་སྤྲུལ་ཆེ་ཁག་དག་གིས་སྦྱིན་བསྲེག་གསུང་སྟེ་སྲེག་རྫས་རྣམས་རིམ་བཞིན་ཕུལ།
རིན་པོ་ཆེའི་དགོངས་པ་བཞུགས་ནས་ཉིན་མང་པོར་གསང་མ་ཐུབ་ནའང་གདུང་ཇེ་ཆུང་དུ་སོང་ཡོད་ལ་གདོང་གི་མཐོ་དམན་ལ་ཚོད་དཔག་བྱས་པ་ལྟར་ན་སྐར30ཙམ་ལས་མི་འདུག སྤྱིར་འཇིག་རྟེན་ཡོད་ཚད་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་བཞིན་གདུང་འཇུག་བྱེད་སྐབས་ནམ་འཁར་སྤྲིན་པ་འཐུག་ནའང་སྐབས་དེར་ཉི་འོད་སེར་ལམ་མེར་ཤར། གདུང་གྲོལ་ཉིན་ནས་ནམ་མཁའ་ལ་འཇའ་འོད་སྣ་ཚོགས་ཤར་བ་དང་བླ་བྲང་གི་སྟེང་དུ་བྱ་རྒོད་ཀྱིས་ལྡིང་བསྐོར་རྒྱབ་ལ། གདུང་འབུལ་སྐབས་སུ་ནུབ་ཕྱོགས་ནས་ཐང་དཀར་རྒོད་པོ་ཞིག་མཁའ་ལམ་བསྐྱོད་དེ་ཤར་ཕྱོགས་སུ་འཕུར། ཁ་བའི་མེ་ཏོག་གིས་ཕྱི་རབས་རྣམས་ལ་ཁ་དགེ་ཡོང་བ་དང་ཁ་བ་དཀར་པོའི་ས་སྟེང་ཁྱབ་པས་ཤུལ་ལྷག་འགྲོ་བ་ཡོངས་ལ་བཞུད་ལམ་དཀར་པོའི་ལེགས་སྐྱེས་ཆེན་པོ་བསྩོལ་བ་དང་གདུང་ཁང་གི་མདུན་གྱི་སྤང་གཞོང་ནས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་མཁའ་ལ་འཁྱིལ་བ་དང་སོགས་རིན་པོ་ཆེ་ལ་རྟགས་སྣ་ཚོགས་ཡོད་ནའང་ཁོང་གིས་དགོངས་པར་དེ་འདྲ་འུར་སྟོད་སོགས་ལ་ཐུགས་མི་དགྱེས་པས་དེ་ཙམ་བྱེད།
དེ་མིན་ད་དུང་རིན་པོ་ཆེ་གདུང་མཆོད་སྐབས་༧རྒྱལ་བ་སྨན་རིའི་གླིང་དང་བལ་ཡུལ་ཁྲི་བརྟན་ནོར་རྩེ། ཐེ་ལན་ཊའི་ཀུན་གྲོལ་གླིང༌། གདོང་ལི་དགོན། རྦ་མདའ་དགོན། གཞི་རིང་དགོན་བྱམས་བརྩེ་སློབ་གླིང༌། ཁྱུང་སྨན་དགོན། བཀའ་ཁྱབ་དགོན། དམག་གསར་བོན་དགོན་སོགས་དགོན་སྡེ་མང་པོའི་གདུང་མཆོད་ཕུལ་བ། སྡེ་ཤོག་སོ་སོ་དང་དད་ལྡན་སྦྱིན་བདག་མང་པོས་མང་འགྱེད་སོགས་ཀྱི་མཆོད་འབུལ་རྒྱ་ཆེན་པོ་བྱས་ལ། ཉིན་དང་པོ་ནས་རིམ་བཞིན་རྟོགས་ལྡན་དགོན་གཞུང་དང་ཨ་ཀའི་ཞགས་གདུགས་ཚང༌། རག་ཙའི་ཆོས་རྣམ་ཚང༌། རིག་པོ་ཚང༌། ཧོར་འཕན་ཝ་ཚང༌།སྟག་ཚང་རུ་ཁག་གསུམ་པ། ཧེ་ཆུང་གོང་འགབ། སྟག་ཚང་རུ་ཁག་བཞི་བ། དཀར་ཕྱུག་སྡེ་བ། ཁུག་མགོ་སྡེ་བ། བློན་ཚང་སྡེ་བ། ཐར་ར་དང་ཕོ་ཙཱ་སྡེ་བ། ཕྱུག་ཚང་ལྗགས་ཚང༌། ཧོར་འཕན་སྡེ་བ། ཕྱུག་ཚང་སྡེ་བ་སོགས་ཀྱི་མང་ཇ་ཕུལ་བ་དང་བསྐལ་ཁོ་དང༌། ཤེས་རབ་རྒྱ་མཚོ། པདྨ་རིན་ཆེན། རིགས་སྔགས། ཕྱེས་ཅེ་སྒྲོན་ཁོ། ཐེལ་གྲོང་དང༌། རག་ཙ་མགོན་ཤུལ་ཁུག་མགོ་རྩ་སྡེ་བ། ཆོ་མཆོག་ཡར་སྣེ་ཚང༌། ཐུབ་དབང་ཚང༌། རིན་ཆེན་བཟང་པོ། སྟག་རེས་ཚང༌། སྟོབས་རེས་ཚང༌། རྟའུ་ཡེ་ཤེས། རྟའུ་དཔལ་ཆེན། རྟའུ་ནད་མེད། བཀའ་ཁྱབ་ཚེ་དབང་རིག་འཛིན། རིག་སྔགས་ཀྱི་ཡོན་བདག ཆོས་རྒྱམ་གྱི་ཡོན་བདག ཤར་བ་བསོད་ནམས་ཚེ་རིང༌། ཧེ་ལི་བདེ་ཆེན། ཞུ་གདུགས་ཚེ་དཔག་སྐྱབས་ཚང༌། ཡར་རྒྱས་གྲྭ་ཆུང་སློབ་གླིང༌། ཞང་ཞུང་རྫོགས་ཆེན་སློབ་གླིང་གི་བཤད་པ་གྲྭ་ཚང་སོགས། སྒོར་མོའི་འབྲེལ་འཇོག་བྱེད་མཁན་ཡང་མང་པོ་ཡོད་པ་དང་རིན་པོ་ཆེའི་སྐུ་གདུང་ལ་འབྲེལ་འཇོག་དུ་མར་བྱས་པའི་གོ་རིམ་སོགས་ནི་རྗེས་མར་དགོངས་རྫོགས་སྐབས་ཞུ་བར་བྱའོ།། ད་དུང་གནད་དོན་སྐོར་མ་ཚུད་པ་དང་བརྗེད་ནོར་སོགས་གང་མང་ཡོད་པས་དགོངས་དག་ཞུ་རྒྱུ་དང་རྗེས་མར་སྤེལ་རྒྱུ་ཡིན།
དེ་མིན་རྗེས་རབས་དད་ལྡན་སློབ་བུ་རྣམས་ལ་རིན་པོ་ཆེས་གནང་བའི་བསླབ་བྱ་ནི། སྡོམ་གསུམ་དམ་ཚིག་མིག་འབྲས་བཞིན་དུ་སྲུང༌།། བྱ་བ་གང་ཡང་མངོན་ལྐོག་མེད་པར་མཛོད།། དཀར་ནག་ལས་ལ་ཡིད་ཆེས་དད་པ་ཡིས།། བདེ་སྡུག་ས་བོན་ཕྲ་ནས་བླང་དོར་མཛོད།། ཅེས་གསུངས་པའི་གདམས་ངག་འདི་ཤུལ་ལུས་དད་ལྡན་སེར་སྐྱ་ཡོངས་ཀྱིས་ཐུགས་ནས་མི་འདོར་རྒྱུ་དང་ད་དུང་རེ་བ་ཉག་གཅིག་ནི་ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འཆར་བའི་གསོལ་འདེབས་སྐྱབས་འཇུག་ཞུ་ཞུ།
རྟོགས་ལྡན་དགོན་སྐབས་ལྔ་བའི་དོ་དམ་ཁང་དང་བླ་བྲང་འདུས་སྤྱི་ཡོངས་ཀྱིས། ༢༠༡༦/༡༠/༡