གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཐེངས་བཅུ་གསུམ་པ་འཚོགས་པ།
[ཟླ་ཚེས། 2016-09-12 19:38:03][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོད་གངས་ཅན་པའི་ཆོས་རྒྱུད་ཆེན་པོ་བཞི་ཡི་ཡ་གྱལ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་ཚོགས་ཆེན་མོ་༼གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཐེངས་བཅུ་གསུམ་པ༽ཁམས་སྡེ་དགེ་ཚབ་ཚ་དགོན་དུ་སྤྱི་ལོ༢༠༡༦ལོར་ཟླ་བ་༩ཚེས་༦ནས་དབུ་བཟུང་སྟེ་ཉིན་བཅུ་གཅིག་གི་རིང་ལ་འཚོགས་རྒྱུ་ཡིན་པའི་བཀའ་བརྡ་ཞིག་འབྱོར་སོང་ལ།
དེ་དང་དུས་མཚུངས་སུ་དགོན་དེའི་གཙོ་འགན་པ་རྣམས་ཀྱིས་བོད་རང་ས་དར་ཞིང་རང་ཡུལ་ནས་དར་ཁྱབ་ཏུ་འགྲོ་བཞིན་བའི་ཕ་ནོར་གཙང་མ་འཛིན་པའི་སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་རྫ་ཁྲོ་ཚངས་དགོན་ནང་བསྟན་ལྔ་རིག་སློབ་གླིང་གི་བཤད་གྲྭའི་མཁན་པོ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་མཆོག་ལ་ཞུ་བ་ཕུལ་ཏེ། སྤྱིར་སངས་རྒྱས་ཀྱི་བསྟན་དོན་དང་ཡང་དགོས་སུ་གྲུབ་མཐའ་ཕན་ཚུན་བར་གྱི་མཐུན་སྒྲིལ་ལ་དགོངས་ཏེ་ཕེབས་དགོས་པའི་དགོངས་ཚུལ་མང་དུ་གསུངས།
དེ་ལྟར་ཁོང་རྣམ་པས་ཐུགས་དགོངས་རྫོགས་ཕྱིར་དང་ལྷག་པར་གཡུང་དྲུང་བོན་གྱི་བསྟན་པའི་སྤྱི་དོན་ལ་དམིགས་ནས་ཉིན་ལྔ་ཡི་རང་ལ་ང་ཚོ་ནང་བསྟན་ལྔ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས། དགེ་བཤེས་བདེ་ལེགས་ཀུན་འབྱུང་། དགེ་བཤེས་ཧོར་རྣམ་རྒྱལ་རྣམ་པ་གསུམ་གཙོས་པའི་དགེ་སློབ་བརྒྱ་ལ་ཉེ་བ་ཞིག་ཉམས་ཞུགས་བྱས་པ་ཡིན་ཞིང་།
ཉིན་དེ་ཀའི་རིང་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་བོན་ཆོས་ཟུང་དུ་འཇུག་སྟེ་སྡུད་རྟགས་ཚད་གསུམ་གྱི་རིག་པའི་དཀའ་གནད་ལ་ཐོས་བསམ་དང་། གཞི་ལམ་རྣམ་གསུམ་གྱི་འཇུག་སྒོ་ཟབ་མོ་ལ་འཆད་རྩོད་མང་དུ་བྱས་མཐར། ཐ་སྙད་ཀྱི་གྲྭ་ཙམ་མ་གཏོགས་དངོས་དོན་གྱི་ཆ་ནས་བོན་དང་ཆོས་ཀྱི་དགོངས་པ་གནད་གཅིག་ཏུ་གྲུབ་འདུག་པའི་བསམ་བློའི་གཡོ་འགུལ་ཡོད་པའི་གསུང་བཤད་མང་དུ་ཐོས་ཤིང་།
དེ་དག་གི་རྒུལ་ཤུགས་ལས་བོན་གྱི་ལྟ་གྲུབ་ལ་ཡིད་གཉིས་ཟ་བའི་མཁས་དབང་མང་པོས་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་དང་གཡུང་དྲུང་བོན་གྱི་ལོ་རྒྱུས། བོན་པོའི་ལྟ་སྤྱོད་ཉམས་ལེན་གྱི་བརྒྱུད་ཚུལ་དང་། བོད་བཙན་པོའི་རྒྱལ་རྒྱུད་དང་འབྲེལ་བའི་བོན་གྱི་ལྟ་ཚུལ་སོགས་མདོར་ན་བོན་དང་འབྲེལ་བའི་དྲི་བ་མི་ཉུང་བ་ཞིག་བཏོན་ཞིང་། དེ་མཐུན་གྱི་དྲིས་ལན་གནང་བའི་སྐལ་བ་ཡང་ཐེངས་གཅིག་གཉིས་ཙམ་མ་ཡིན་པར་ཡང་དང་ཡང་དུ་བྱུང་བ་ནི་ང་ཚོ་ཐུན་མོང་གིས་བསགས་པའི་བསོད་ནམས་ཡག་ཤོས་ཤིག་ཏུ་འདོད་ཀི་ཡོད། རྒྱུ་མཚན། ཚོགས་མི་ཉིས་སྟོང་ལྷག་གི་གྲངས་དང་མཉམ་པའི་ཚོགས་པ་འདི་ནི་ཆོས་ཚོགས་གཞན་དང་མི་འདྲ་བའི་དགེ་མཚན་ཞིག་ཡོད་པ་ནི། རྒྱལ་བའི་གཞུང་ལུགས་ལ་ཐོས་བསམ་རྣལ་མ་མཛད་བཞིན་པའི་མཁན་པོ་དང་དགེ་རྒན་སློབ་གཉེར་བ་ཁོ་ན་ཡིན་པ་ལས། འདུལ་ཆས་རྣམ་དག་མི་གྱོན་པའི་སྐྱ་མིན་སེར་མིན་ལྟ་བུ་དང་། རྩ་བཞིའི་རྣམ་གྲངས་མི་ཤེས་པའི་གྲྭ་བ་གོར་ཉག་ཅན་གྱི་རིགས་གཅིག་ཀྱང་མེད་པ་ནི་སྒྲིག་གཞི་གཙོ་བོ་རེད།
དེ་ལྟར་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་བརྩོན་འགྲུས་ཀྱི་སྐུལ་ལྕག་བཙན་ཞིང་། འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་ལ་འཕྲིན་ལས་གྱི་སྒྲོན་མེ་གསལ་བའི་མཁས་དབང་མཚན་ཉིད་པ་ཉིས་སྟོང་ལྷག་གི་དབུས་ནས་སྟོད་གོས་སྔོན་པོའི་གཟི་བརྗིད་དང་བོན་གྱི་ཚད་མ་རིག་པའི་རིན་ཐང་ངོམ་སྟེ་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་ལ་སྔར་ལས་ལྷག་པའི་ཡབ་མོ་ཐེངས་གཅིག་སྤར་ཡོད་ཅེས་བཤད་སྤོབས་པའོ། །
ཞེས་ནང་བསྟན་ལྔ་རིག་སློབ་གླིང་གི་དྲུང་ཡིག་ཚན་ཁག་ནས་སྤྱི་ལོ་༢༠༡༦.༩.༡༡ཉིན་སྤེལ་བའོ། །