ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཐུགས་སྤྲུལ་བོན་རི་ཆེན་མོར་ཕེབས་པ།
[ཟླ་ཚེས། 2016-08-26 17:04:06][རྩོམ་པ་པོ། ཨ་གྲགས་སྤྲུ་སྐུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གངས་ཅན་བསྟན་འགྲོའི་མགོན་སྐྱབས་མགོན་༧ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་མཁྱེན་བརྩེ་རིས་མེད་ཀྱི་གཟིགས་པ་ཆེན་པོས་འཛམ་གླིང་གནས་བརྒྱའི་གཙོ་བོ་ཐུགས་སྤྲུལ་བོན་རི་ཆེན་མོར་ཞབས་དངོས་སུ་བཅག་པ།
དེ་ཡང་ཀོང་ཡུལ་བོན་རིའི་དགོན་པ་རི་ཁྲོད་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ཕེབས་ཞུ་དང་བསུ་བའི་གྲལ་བསྒྲིགས་གང་ཟབ་ཞུས་པ་དང་འབྲེལ་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་ཉེར་གཉིས་སྤྱི་ལོ་༢༠༡༦/༨/༢༤ཞོགས་པ་ཆུ་ཚོད་༩་༣༠ཙམ་དུས་མཁའ་ལ་ཉི་ཟླ་སྐར་གསུམ་གྱི་དབུ་གདུགས་རང་གྲུབ་ཕུབས་ཤིང་བར་ན་སྤྲིན་དང་གཞའ་ཚོན་གྱི་རི་མོས་ཀུན་ཡིད་འཕྲོག་པ་ས་དང་ཕེབས་ལམ་གང་སར་ལྷ་ཀླུ་མི་གསུམ་དགྱེས་པའི་ལྷ་བསང་གི་གཡུ་དུད་དགུང་ལ་ལང་ཤིང་།
རྒྱ་ཆེའི་དད་ལྡན་མི་མང་གི་ལག་ན་དར་དཀར་གྱི་འདབ་བརྒྱ་ལྷུག་ལྷུག་གྲོལ་ཏེ་མཛེས་བརྗིད་ངུར་སྨྲིག་གི་ནབ་བཟའི་རྒྱན་གྱི་སྤུད་པའི་དགེ་འདུན་གྱི་སེར་ཕྲེང་ཚར་དུ་མངར་བ་དང་བཅས་ཀོང་པོ་རྒྱལ་རི་དགོན་རྒྱལ་བསྟན་སྨིན་གྲོལ་གླིང་དུ་ཞབས་སོར་དངོས་སུ་འཁོད། འདི་ནི་པཎ་ཆེན་རིན་པོ་ཆེ་མཆོག་བོན་པོའི་དགོན་པར་ཕེབས་པ་ཐེངས་གཉིས་པ་དེ་རེད། དང་ཐོག་དགོན་པའི་བླ་མ་དང་གྲོང་ཁྱེར་ཆོས་དོན་ཅུས་བྲག་ཡིབ་ཆུས་སྲིད་གྲོས་དགོན་པར་བཅའ་སྡོད་ལས་དོན་གྲོང་བརྡལ་སྲིད་གཞུང་གི་མི་སྣ་རྣམས་ཀྱིས་མཇལ་དར་ཕུལ། དེ་ནས་དར་དང་སྤོས་འདྲེན་གདུགས་དང་རྒྱལ་མཚན་རྔ་གཤང་དུང་གླིང་རོལ་མོའི་སྒྲ་ཆེན་མཁའ་ལ་གྲགས་བཞིན་སེར་ཕྲེང་གིས་བསུ་བ་དང་བཅས་དབུས་སུ་སེང་ཆེན་བརྒྱད་ཀྱིས་བཏེགས་པའི་བཞུགས་ཁྲིར་བཀོད།གཡས་གྲལ་དུ་ཞབས་གྲས་བླ་གྲྭ་རྣམས་བཞུགས་ཤིང་གཡོན་གྲལ་དུ་ཡབ་ཆེན་བསོད་ནམ་གྲགས་པ་ཡུམ་ཆེན་བསམ་སྐྱིད་སྒྲོན་མ་སོགས་སྐུ་འཁོར་རྣམས་བཞུགས་གྲལ་ལ་འཁོད། མཆོད་བརྡུང་ལུགས་ལྟར་གྲུབ་རྗེས་བླ་མ་མཆོད་པའི་དབུ་ནས་གྱེར་ཏེ་ཁྲི་བཞུགས་ཞུས། དུང་དང་རྡོ་ཏིང་སྤྱི་ལྟར་བླ་མ་གྲྭ་ཚང་ཚོགས་ལ་བཞུགས་ཤིང་གཤང་རོལ་དང་བཅས་བདེ་ཆེན་རྒྱལ་པོ་ཚར་གསུམ་དང་སྐྱབས་སེམས་མཛད་བཅུ་སོགས་ཚོགས་འདོན་བསྡུས་མ་གསུང་། ཇ་མཆོད་གྱེར་ཞིང་གསོལ་ཇ་འདེགས་འབུལ་ཞུས་དགོན་པ་གཞུང་ནས་སྐུ་འབྱེད་ཕུལ། བཀའ་སོློབ་ཞུས་པ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གསུང་དོན་ང་ཚོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་དཀའ་ཁག་ཆེ་ཆུང་མང་པོ་འཕྲད་སྲིད་ཀྱང་དཀའ་བ་ཁྱད་བསད་དང་ངལ་བ་དང་ལེན་དགོས་ལ་གཙོ་བོ་རྙིང་ས་བཀའ་དགེ་བོན་སོགས་ནང་པ་སངས་རྒྱས་ཀྱི་བསྟན་པ་གྲུབ་མཐའ་ཡོངས་རྫོགས་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་གནང་རྒྱུ་གལ་ཆེན་ཡིན་ཞེས་དང་ནམ་ཡང་རྒྱལ་གཅེས་ཆོས་གཅེས་ཡག་པོ་དགོས་ཚུལ་དང་ལྷག་པར་བླ་མ་གྲྭ་བཙུན་ཚང་མས་ཚེ་གཅིག་ཐུགས་མཐུན་ཁྲིམས་གཙང་དང་ཐོས་བསམ་སློབ་གཉེར་ཡག་པོ་གནང་ན་སངས་རྒྱས་ཀྱི་བསྟནཔ་ཡང་དར་ཡོང་རྒྱུ་རེ་བ་ཆེན་པོ་ཡོད་ཚུལ་བཀའ་སློབ་ལམ་སྟོན་གནད་སྨིན་སྩལ་གནང་མཛད།
ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན་རིན་པོ་ཆེས་མཎྡལ་བཤད་པ་གནང་ཞིང་། སྟག་བྲོ་བླ་མ་དགེ་བཤེས་སྦྱིན་པ་བསྟན་འཛིན། དགོན་ཆེན་བླ་མ་བསྟན་འཛིན་དབང་རྒྱལ། སྐུ་ཤུགས་བླ་མ་ཐབས་མཁས་རྒྱ་མཚོ། སྟག་རྩེ་བླ་མ་སྐལ་བཟང་ཉི་མ། སྤུངས་རི་བླ་མ་བློ་གྲོས་གཙུག་ཕུད། བྱ་ཁྱུང་བླ་མ་ཚུལ་ཁྲིམས་ནམ་མཁའ། གྱང་ཐོ་བླ་མ་ཚེ་དབང་འགྱུར་མེད། རྫོང་ཆུང་བླ་མ་བཟོད་པ་རྒྱལ་མཚན། དབུས་ཕུག་བླ་མ་གཡུང་དྲུང་འོད་ཟེར་ཀུན་གསལ། སྟག་ལུང་དབུ་འཛིན་རང་རིག་སྒྲོན་མ་རྣམས་ཀྱི་གཙོས་གྲྭ་བཙུན་དུ་མའི་མཎྡལ་སྐུ་གསུང་ཐུགས་རྟེན་རྒྱས་པ་འདེགས་འབུལ་ཞུས། ཚོགས་མང་མཇལ་ཁ་ཞུས་ཞིང་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་ཚོགས་མང་ལ་སྐུ་འབྱེད་དང་མང་ཇ་གསོལ་རས་གནང་། རིན་པོ་ཆེ་མཆོག་ཚོགས་ཁང་ནང་ཕེབས་ཏེ་སྐུ་གསུང་ཐུགས་རྟེན་ལ་གནས་གཟིགས་དང་བྱིན་རླབས་རབ་གནས་གང་ཟབ་མཛད། དེ་ནས་དད་ལྡན་མང་ཚོགས་ཡོངས་ལ་མཇལ་ཁ་ཕྱག་དབང་གནང་། རོལ་མོས་བསུ་བ་དང་འབྲེལ་བླ་བྲང་དུ་ཕེབས་ནས་གསོལ་མཆོད་གནང་།
དེར་བསོད་བློ་ཕུན་ལགས་དང་ཡབ་ཆེན་བསོད་ནམས་གྲགས་པ་ཡུམ་ཆེན་བསམ་སྐྱིད་སྒྲོན་མ་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་བློ་བཟང་རྡོ་རྗེ་གྲོང་ཁྱེར་དཔོན་དབང་འདུས་ལྗོངས་འཐབ་ཕྱོགས་གཅིག་གྱུར་གྱི་པུ་ཀྲང་སྐུ་གཞོན་ཆུང་པ་སོགས་མཉམ་བཞུགས་མཛད་དགོན་སྡེ་ཁག་གི་བླ་མ་རྣམས་དང་ཕན་ཚུན་ཞུ་གནང་དང་གསུང་གླེང་གང་མང་གནང། ཡེ་ཤེས་ཐབས་མཁས་ནས་དགོན་པ་རི་ཁྲོད་ཡོངས་ཀྱི་ཚབ་ཞུས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས་ལོ་རྒྱུས་བཅས་ལ་འབྲེལ་བ་དམ་ཟབ་ལྡན་ཞིང་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་བཤད་དུ་ཡོད་པའི་ཤུལ་བཞག་གི་རིག་དངོས་རྩ་ཆེན་ཀོང་པོ་བོན་རི་སྲུང་སྐྱོབས་བྱེད་རྒྱུའི་ཐད་རྒྱབ་སྐྱོར་གནང་དགོས་སྐོར་གྱི་ཡར་ཞུ་ཕུལ་བས་རིན་པོ་མཆོག་གིས་དེ་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་མཛད་རྒྱུའི་ཞལ་བཞེས་ཐོབ་པ་མ་ཟད་འབྲེལ་ཡོད་དབུ་ཁྲིད་རྣམས་ལ་གང་དགོས་བཀའ་སློབ་ལམ་སྟོན་རྩལ་གནང་མཛད།
དེ་བཞིན་རིས་མེད་དགོན་སྡེ་སྤྱི་དང་ལྷག་པར་ཉིང་༼གཉན་༽ཁྲིའི་དགོན་པ་ཁག་ལ་གྲྭ་རྒྱུན་མི་འདང་བའི་ཐད་གཟིགས་སྐྱོང་མཛད་རྒྱུའི་སྙན་ཞུ་ཕུལ་ཁར་ཚང་མས་མ་འོང་པར་བོན་པོའི་དགོན་པ་གང་ལ་ཕེབས་རྒྱུའི་རེ་ཞུས་བཞིན་ཐུགས་དགྱེས་ཚོར་ཆེན་པོས་སྒོ་ནས་ཞལ་བཞེས་སླུར་བླང་མཛད།
དེ་ནས་ཆུ་ཚོད་༡༢/༣༠ཙམ་ལ་བླ་གྲྭ་ཚང་མས་ཕེབས་སྐྱེལ་དང་འབྲེལ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགོན་འདི་ནས་ཞལ་གྱེས་གནང་།