གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐར་བདེ་དགོན་དུ་འཚོགས་པ།
[ཟླ་ཚེས། 2016-08-26 14:06:07][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༢༠༡༦ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཁམས་སྡེ་དགེ་ཐར་བདེ་དགོན་དུ་འཚོགས་པ།
དེ་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཐར་བདེ་དགོན་པའི་བསྟན་བདག་མཆོག་སྤྲུལ་ཚེ་དབང་འཇིགས་མེད་ལགས་དང་། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་དཀའ་བའི་ལས་དང་དཀོན་པའི་རྒྱུ། དཀའ་བ་ཁྱད་བསད། ངལ་བ་དང་དེ་བླངས་ཏེ་མདོར་ན་དཀའ་ཁག་གི་བརྒྱུད་རིམ་མང་པོ་ཞིག་བརྒལ་ཏེ། དགོན་དེའི་ལས་འགན་བཙུན་པ་བཙུན་མ་ལྷ་སྡེ་མང་ཚོགས་རྣམ་པས་བཀའ་དྲིན་རྒྱ་ཆེར་སྐྱོངས་པའི་འོག་༢༠༡༦-༨-༡༦-ཉིན་དུས་ཚོད༢སྟེང་ནས། ཕྱོགས་སོ་སོ་ནས་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་གཙོས་པའི་ཚོགས་བཞུགས་པ་ཡོངས་སྡེ་དགེ་རྫོང་མགུལ་གཟི་ཤང་མགུལ་གཟི་དགོན་གྱི་སློབ་གྲྭ་ནས་ཉིན་གུང་གསོལ་ཟས་བཞེས་ལ།
དེ་ནས་ཐར་བདེ་དགོན་པའི་བར་ལེ་བར་བཞི་བཅུ་ལྷག་ལ་ཐར་བདེ་མང་ཚོགས་རྣམ་པས་བསུ་བར་བྱས་ཏེ་ཐར་བདེ་དགོན་དུ་ཕེབས་པ་དང་ལྷན་དུ་ཚོགས་བཞུགས་པ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། དེ་ནས་རྒྱུན་ལས་རྣམ་པས་དྲུང་ཡིག་ཚན་ཁག་ཏུ་མིང་ཐོ་བཀོད་ཅིང་།
དགོང་མོ་དུས་ཚོད༦སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་འཚོགས་ཏེ་ད་ལན་སངས་རྒྱས་གཡུང་དྲུང་བོན་ཡར་རྒྱས་འགྲོ་ཐབས་ཀྱི་འཚོགས་འདུ་འདིའི་ཁ་ཕྱོགས་གཙོ་བོ་དེ་བཀའ་མོལ་གནང་ཞིང་ཚོགས་གཙོའི་འཚོགས་འདུ་བསྡུས་ཏེ་ཐེངས་འདིའི་གྲོས་གཞི་ཁག་བརྒྱད་གཏན་ལ་ཕབས།
༢༠༡༦-༨-༡༧-༧སྟེང་ནས་ཞོགས་ཟས་གསོལ་ཏེ་ཆུ་ཚོད༨་སྟེང་ཐར་བདེ་མི་གཡོ་བསམ་གཏན་བོན་གླིང་གི་གཙུག་ལག་ཁང་ཆེན་པོའི་རབ་གནས་མཛད་སྒོ་སྤེལ་བའི་འགོ་མཛད་ནས། ཚོགས་གཙོ་ཆེན་མོ་༧རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་རྣམ་གཉིས་ཀྱིས་བོན་གྱི་བརྡ་དར་ཆེན་མོ་བསྒྲེངས་ཏེ། རྒྱུན་ལས་རྣམ་པ་གཙོས་པའི་ཚོགས་བཞུགས་པ་ཡོངས་ཀྱིས་བསྟན་རྒྱས་སྨོན་ལམ་གསུངས།
དེ་ནས་ཐར་བདེ་སྤྲུལ་སྐུ་རིན་པོ་ཆེ་ནས་ཕྱོགས་སོ་སོ་ནས་ཕེབས་པའི་གཡུང་དྲུང་བོན་གྱི་རྒྱུན་ལས་ལས་འཛིན་རྣམ་པ་ལ་བཀྲ་ཤིས་སྨོན་འདུན་ཞུ་བ་དང་མཉམ་དུ། ཐར་བདེ་མི་གཡོ་བསམ་གཏན་གླིང་གི་རྟེན་དང་བརྟེན་པ་དང་བཅས་གསས་ཁང་ཆེན་མོ་ལེགས་འགྲུབ་བྱུང་ཚུལ་སྐོར་སྐད་གཉིས་ལམ་ནས་གསལ་བཤད་མདོ་བསྡུས་མཛད།
དེ་ནས་ཚོགས་གཙོ་རྩེ་ཞིག་ཚང་གིས་བོན་གྱི་གསས་ཁང་གི་ལོ་རྒྱུས་ཕུགས་ཐག་རིང་ཞིང་འདི་འདྲའི་གསས་ཁང་ཆེན་མོ་བཞེངས་པ་ལ་ཕན་ཡོན་རྒྱ་ཆེར་ཡོད་ཚུལ་སྐོར་དང་དགོན་དེའི་དབུ་བླ་དང་། གྲྭ་ཚང་། བཙུན་མ། མི་སེར་ཡོངས་ལ་བཀའ་དྲིན་ཞུས།
ཆུ་ཚོད༡༠-༣༠སྟེང་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་དངོས་སུ་དབུ་བརྩམས་ཏེ། ཚོགས་གཞོན་ཤར་རྫའི་མཁན་རིག་འཛིན་དབང་རྒྱལ་ལགས་མདོ་འཛིན་པ་གནང་སྟེ་འདིར་དངོས་སུ་ཕེབས་པའི་ཚོགས་གཙོ་དང་བློ་འདྲི་མི་སྣ། མཚན་འཛིན་ཚོགས་གཙོ། ཚོགས་གཞོན། དྲུང་ཡིག རྒྱུན་ལས་མི་སྣ་བཅས་ངོ་སྤྲོད་མཛད་དེ། འཚོགས་འདུའི་གོ་རིམ་གསལ་བསྒྲགས་མཛད།
༡༠-༤༥སྟེང་ནས་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་མཛའ་བརྩེ་ཐུགས་དགོངས་འོ་ཆུ་གཅིག་ཏུ་འདྲེས་པ་ཞེས་པའི་ཁ་བྱང་དེ་དང་འབྲེལ་ཏེ། གཡུང་དྲུང་བོན་གྱི་བསྟན་པ་སྔ་ལས་ལྷག་པའི་འཛམ་གླིང་དུ་ཁྱབ་སྤེལ་མཛད་དགོས་ཚུལ་དང་། ཐམས་ཅད་མཐུན་སྒྲིལ་གསེར་རྟགས་གཅིག་ཏུ་བསྡམ་ཞིང་བོན་ལ་གུས་ཤིང་གཤེན་ལ་གཅེས་པའི་གསུང་བཤད་གནང་།
དེ་ནས་མཚན་འཛིན་ཚོགས་གཙོ་༧ཚུལ་ཆེན་རིན་པོ་ཆེ་མཆོག་ནས་གཡུང་དྲུང་བོན་བསྟན། འཛིན་སྐྱོང་སྤེལ་གསུམ་མཛད་དགོས་ཚུལ་དང་། མཉམ་འབྲེལ་ལྷན་ཚོགས་འདི་འཚོགས་ཆོག་པའི་སྲིད་གཞུང་ནས་ཆོག་མཆན་ཨེ་ཐུབ་ཕྱོགས་ལ་ཤུགས་སྣོན་དགོས་ཚུལ་སྐོར་གྱི་གསུང་བཤད་གནང་།
དེ་ནས་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་རིན་པོ་ཆེས། ཞང་བོད་རིག་གནས་དང་འབྲེལ་ཏེ་གསུང་བཤད་གནང་བ་མ་ཟད། འདིའི་ཉེ་སྔོན་གསོ་རིག་འབུམ་བཞི་དང་འབྲེལ་བའི་ཁོང་གིས་དཔྱད་རྩོམ་གལ་ཆེར་གནང་ཚུལ་སྐོར་གྱི་བསྟན་པ་ལ་སྨིན་པའི་གསུང་བཤད་མཛད། དེ་བཞིན་འབྱུང་འགྱུར་བོན་གྱི་གཞུང་བརྒྱ་བགྲོ་གླེང་ལ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཞེས་མཚན་གསོལ་གནང་།
དེ་ནས་དྲུང་ཡིག་ཆེན་མོ་འགོ་བ་བསྟན་འཛིན་འབྲུག་གྲགས་ནས། བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་ལོ་གཅིག་གི་མཛད་རིམ་ཕྱོགས་བསྡུས་མཛད་དེ་གསུང་བཤད་གནང་བ་མ་ཟད་སྟོད་ཕྱོགས་བོད་ལྗོངས་ཕྱོགས་ནས་ཚོགས་གཙོ་ལགས་དང་དྲུང་ཡིག་རྒན་གཞོན་རྣམ་གཉིས་གཙོས། དེ་ཕྱོགས་བོན་དགོན་མང་ཙམ་ལ་གཟིགས་ཞིབ་མཛད་ཚུལ་དང་། ད་ལན་འདིར་དངོས་སུ་ཕེབས་མ་ཐུབ་པའི་རྒྱུན་ལས་མི་སྣ་ཁག་གཅིག་གིས། དགོངས་ཞུས་མཛད་ཚུལ་སྐོར་དང་། ཁྱད་པར་དུ་གཤེན་སྲས་རིན་པོ་ཆེ་དང་། གཡུང་དྲུང་གླིང་གི་མཁན་ཆེན་རྣམ་གཉིས་ནས་བོན་མཉམ་འབྲེལ་ལྷན་ཚོགས་ལ་ཕུལ་བའི་གསུང་འཕྲིན་གསལ་བཤད་གནང་། དེ་ནས་ཚོགས་གཞོན་སེང་སྤྲུལ་རིན་པོ་ཆེ་མཆོག་ནས། ཐེངས་འདིའི་གྲོས་མོལ་དོན་ཚན་བརྒྱད་དང་འབྲེལ་བའི་གསུང་བཤད་གནད་བསྡུས་མཛད།
དེ་ནས་ཉིན་གུང་གསོལ་ཟས་བཞེས་ཏེ། ཆུ་ཚོད་༢སྟེང་ལ་ཚོགས་བཞུགས་པ་ཡོངས་ཀྱིས་དྲན་རྟེན་འདྲ་པར་བསྐྱོན། དེ་ནས་༢-༣༠སྟེང་ཚོགས་གཞོན་དབྲ་ཁྱུང་དགེ་བཤེས་བསྐལ་བཟང་ནོར་བུ་མཆོག་ནས་ཐེངས་འདིའི་བཀའ་མོལ་དོན་ཚན་བརྒྱད་ལ་གསལ་བཤད་མཛད་ཅིང་མདོ་འཛིན་པའི་འགན་ཁུར་མཛད།
དེ་བཞིན་དྲུང་ཡིག་མཁན་པོ་ཚེ་རིང་ནོར་བུ་དང་། སོག་སྡེ་བོན་དགོན་བསྟན་བདག་ཚེ་དབང་མགོན་པོ་དང་། ཆབ་མདོ་ཚོང་པ་ཕུན་ཚོགས་བློ་གྲོས། སྟེང་ཆེན་ཞུ་ཚང་མཁན་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱལ་མཚན། ཚོགས་གཞོན་སྤྲུལ་པདྨ་རིན་ཆེན། ཚོགས་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། པཎ་ཙ་བསྟན་འཛིན་དར་རྒྱས། མང་སྤྲུལ་བསོད་ནམས་གཡུང་དྲུང་། རེབ་གོང་བོན་མང་གི་སྔགས་འཆང་བསོད་ནམས། དྲུང་ཡིག་པ་དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས། དྲུང་ཡིག་བྷོ་ལ་རྒྱལ་མཚན་དྲི་མེད། རྒྱུན་ལས་གཟི་རྩ་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། ཐར་བདེ་བཙུན་མ་སེམས་མ་བཟང་མོ། ཁྲོ་སྐྱབས་སྤྲུལ་འཕྲིན་ལས་འགྲོ་མགོན། དྲུང་ཡིག་པ་ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད། རྩེ་དྲུག་བླ་མ་གནམ་སྲས་སོགས་ཀྱིས་ཐེངས་འདིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་གཞི་དོན་ཚན་བརྒྱད་དང་འབྲེལ་བའི་རྒྱ་ཆེ་གཏིང་ཟབ་པའི་གསུང་བཤད་གནད་བསྡུས་མཛད།
མཇུག་མཐའི་གཏམ་ཚོགས་གཙོ་ཟླ་བ་ལགས་ཀྱིས་མཐའ་བསྡོམས་མཛད་ཅིང་མདོ་འཛིན་པ་དགེ་བཤེས་བསྐལ་བཟང་ནོར་བུ་ལགས་ཀྱིས་མཇུག་གཏམ་ལེགས་གྲུབ་མཛད།
དགོང་མོ་དུས་ཚོད་༧སྟེང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་ཆེན་རྣམ་པ་དགོན་དེར་ཞབས་དངོས་སུ་བཀྱགས་པས་ཁོང་རྣམ་པ་ཐུགས་དགྱེས་པའི་མཆོད་པའི་ཚུལ་དུ། ཐར་བདེ་ཡུལ་ཚོས་དགའ་སྤྲོའི་ངང་གླུ་ལེན་བྲོ་བརྡུང་གི་མཆོད་པ་འབུལ། དགོང་མོ་དུས་ཚོད༨ སྟེང་ནས་མདོ་འཛིན་པ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་དང་། ཚེ་དབང་རིག་འཛིན་གཉིས་ནས་མདོ་འཛིན་བྱས་ཏེ། ཐར་བདེ་ལྔ་རིག་བསམ་གཏན་གླིང་གི་མཁན་པོ་དང་བཙུན་མ་རྣམ་པས། གཞུང་གི་དཀའ་གནད་རང་མོས་བགྲོ་གླེང་རྒྱ་ཆེར་གཏིང་ཟབ་མཛད་པས། བོན་མཉམ་འབྲེལ་ལྷན་ཚོགས་ནས། ཁོང་རྣམ་པ་ལ་དགའ་བསུ་ཡི་རངས་ཀྱི་བསྟོད་བསྔགས་གནང་། དེའི་ཉིན་གང་བོའི་ཆུ་ཚོད་དམ་འཛིན་པ་དང་བལྟ་སྐུལ་བ་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་གྱིས་མཛད།
༢༠༡༦-༨-༡༨སྟེང་དུ་དུས་ཚོད་དམ་འཛིན་འགོ་བ་དགེ་བཤེས་ལགས་དང་། མདོ་འཛིན་པ་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་མཛད། བོན་མཉམ་འབྲེལ་ལྷན་ཚོགས་བགྲོ་གླེང་མཛད་མཁན་གཙུག་གཤེན་རྣམ་རྒྱལ་དང་། དམིགས་བསལ་དུ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་དོན་ཚན་བཞི་བ་བཀའ་འགྱུར་དཔེ་བསྡུར་སྐོར་ནས་གསུང་བཤད་རྒྱས་པར་གནང་། དྲུང་ཡིག་པ་ཐེ་བོ་གཙོ་ཚང་དགོན་གྱི་མཁན་པོ་ཚེ་དབང་རིག་འཛིན་ལགས་དང་། བྱ་བཏང་བཙུན་མ་བདེ་ཆེན་སྒྲོལ་མ་ལགས་དང་། བྲག་འགོ་རྒྱལ་རོང་དགོན་གྱི་སྤྲུལ་འཆི་མེད་གཡུང་དྲུང་ལགས་དང་། དྲུང་གཞོན་རིན་སྤུངས་ཚུལ་བསྟན་ལགས། རྒྱུན་ལས་ལས་འཛིན་དགེན་ཚེ་སྒྲུབ་རྒྱལ་དང་ཀུན་ཐར་མཚོ། ཚོགས་གཞོན་རིག་འཛིན་དབང་རྒྱལ་ལགས་དང་། དྲུང་ཡིག་མཁན་པོ་ཚེ་རིང་ལགས་དང་། དྲུང་ཡིག་བོན་བརྒྱ་མཁན་པོ་བསྟན་པའི་ཉི་མ་རྣམ་པས་བསྟན་འགྲོའི་དོན་དུ་སྨིན་པའི་གསུང་བཤད་ཕུན་སུམ་ཚོགས་པ་ཞིག་གནང་།
མདོ་འཛིན་པ་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱལ་མཚན་གྱིས་མཐའ་བསྡོམས་མཛད་ཅིང་བཀའ་དྲིན་ཞུས།
དུས་ཚོད་༡༡སྟེང་ཚོགས་གཙོ་གཞོན་པ་རག་ཤི་ཀུན་གསལ་སྙིང་པོ་ནས་མདོ་འཛིན་མཛད་དེ། ཐེངས་འདིའི་གྲོས་ཐག་གཅོད་སྟངས་སྐོར་གྱི་ཐུགས་འཆར་གསལ་བཤད་མདོ་བསྡུས་མཛད། དོན་ཚན་བརྒྱད་ཀྱི་སྟེང་དུ་གྲོས་ཐག་གཅོད་སྟངས། དང་པོ་ཚོགས་གཙོ་རྩེ་ཞིག་ཚང་གི་བཀའ་མོལ་གནང་། ༢༠༡༨ལོར་འཚོགས་རྒྱུ་ཡིན་པས་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་དེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་འོག་འཚོགས་རྒྱུ་དང་དེའི་སྤྱི་ཁྱབ་འགན་ཁུར་པ་པཎ་ཙ་བསྟན་འཛིན་དར་རྒྱས་དང་ཚོགས་གཞོན་མང་སྤྲུལ་བསོད་ནམས་གཡུང་དྲུང་། དེ་བཞིན་སྣང་ཞིག་དགོན་ཆེན་ནས་མི་སྣ་གཅིག་བཀོད་བཞག་གནང་སྟེ་འགན་བཞེས་རྒྱུ། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོའི་དྲུང་ཡིག་ལ་ཚོགས་པའི་ངོས་ནས་དྲུང་ཡིག་པ་དགེ་བཤེས་ཤེས་རབ་གྲགས་པ། དྲུང་ཡིག་པ་དགེ་བཤེས་ཚེ་རིང་འགྱུར་མེད་རྣམ་གཉིས་དང་། ས་གནས་སྣང་ཞིག་དགོན་ཆེན་ནས་མི་སྣ་གཅིག་དགོས་རྒྱུའི་གྲོས་ཐག་དང་པོ་བཅད། དོན་ཚན་གཉིས་པ་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ། ཉིན་གཉིས་ལ་འཚོགས་རྒྱུ་ཐག་བཅད་ཅིང་སྤྱི་ཁྱབ་འགན་འཛིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྤྱི་ངོས་ནས་མཛད་རྒྱུའི་གྲོས་ཐག་བཅད།
དེའི་བར་གསེས་ལ་ཆུ་ཚོད་༡༠སྟེང་ནས་༡༢བར་ལ་ཚོགས་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་དང་། ཚོགས་གཞོན་མང་སྤྲུལ་བསོད་ནམས་གཡུང་དྲུང་། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ་རྣམ་པ་གསུམ་གྱིས་དད་ལྡན་མང་ཚོགས་རྣམ་པ་ལ། ལུགས་གཉིས་བསླབ་བྱ་དང་གཡུང་དྲུང་བོན་གྱི་སྐྱབས་སེམས་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དམིགས་འདུན་སོགས་དང་འབྲེལ་ཏེ་མང་ཚོགས་རྣམས་བཀའ་སློབ་ཟབ་རྒྱས་ཀྱི་གསུང་བཤད་གནང་།
དེ་ནས་ཆུ་ཚོད་༢་སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྤྱི་ཡི་ངོས་ནས་འཚོགས་གཙོ་རྩེ་ཞིག་ཚང་དང་མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཚང་། བློ་འདྲི་མི་སྣ་སྐྱང་སྤྲུལ་རིན་པོ་ཆེ་རྣམ་གསུམ་གྱི་དབུ་བཞུགས་ཐོག་བླ་སྤྲུལ་མཁན་དགེ་སེམས་དཔའ་འདུས་སྡེ་བརྒྱ་ཕྲག་འགའ་ཐར་བདེ་འདུ་ཁང་གསར་པར་འཚོགས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་སྐྱབས་རྗེ་རྒྱལ་བ་༧སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པའི་ཆེད་དུ་གསེར་གྱི་རྒྱལ་མཚན་ཞིག་༧ཡོངས་འཛིན་རིན་པོ་ཆེའི་འཁྲུངས་གཞིས་སུ་ཕུལ་ཏེ་དྲུང་ཆེ་འགོ་བ་དགེ་བཤེས་ཚང་ལ་བརྒྱུད་སྐུལ་མཛད།
དེ་ནས་མཁན་ཚེ་རིང་ནོར་བུ་ལགས་ནས་མདོ་འཛིན་གནང་སྟེ་དྲྭ་བའི་ཕན་འབྲས་སོགས་ཀྱི་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་བ་མ་ཟད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲ་ཚིགས་ཆེན་མོ་༼གངས་ལྗོངས་བོན༽གྱི་དྲྭ་ཚིགས་ཀྱི་ངོ་སྤྲོད་མཛད་དེ་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་གཉིས་ནས་གངས་ལྗོངས་བོད་ཀྱི་དྲྭ་ཚིགས་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ།
དེ་ནས་ཚོགས་གཙོ་ལགས་ཀྱིས་༼གངས་ལྗོངས་བོན་༽དྲྭ་ཚིགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་བོད་ཡིག་པར་ངོས་ཀྱི་གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན། གཟི་རྩ་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། རྒྱ་ཡིག་པར་ངོས་ཀྱི་གཙོ་སྒྲུབ་པ་ལུའུ་བྱོ་ཕན་དང་ལུའུ་ཡོང་བཅས་ལ་བཀའ་དྲིན་ཆེད་ཞུའི་ཁ་བཏགས་འབུལ།
དེ་དང་མཚུངས་པ་མཁན་རིག་འཛིན་དབང་རྒྱལ་ནས་རྟེན་འབྲེལ་ལྔ་ཚང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་མཉམ་དུ་གངས་ལྗོངས་སྨོན་ལམ་ཆེན་པོའི་སྐོར་ནས་གསུང་བཤད་མདོ་བསྡུས་མཛད། དེ་ནས་གངས་ལྗོངས་སྨོན་ལམ་ཆེན་མོ་ལེགས་འགྲུབ་ཆེད་དུ་རྟོགས་ལྡན་བསྐལ་ཁོ་ནས་དབུ་མཛད་གནང་སྟེ། བསྟན་འགྲོའི་ཞབས་བརྟན་སྐུ་རིམ་ཆེན་མོ་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་དང་བསྐང་གསོལ་སོགས་དགེ་སྨོན་རྣམ་པ་དག་པར་གསུངས། དེ་ཡང་གངས་ལྗོངས་སྨོན་ལམ་ཆེན་མོ་ནི། སྐྱེ་འགྲོ་སེམས་ཅན་ཀུན་གྱི་ནད་མུག་མཚོན་གསུམ་ཞི་ཞིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཁ་བཤད་ཙམ་མ་ཡིན་པར་དངོས་སུ་འགྲོ་བའི་བཅུད་དུ་སྨིན་པའི་གནས་སྐབས་དང་མཐར་ཐུག་གི་བདེ་བ་འབྱུང་བའི་དོན་དུ་ཡངས་པའི་འཇིག་རྟེན་ཁམས་སུ་མི་ནུབ་སྲིད་མཐའི་བར་དུ་བརྟན་ཞིང་ཁ་དགེ་བཀྲ་ཤིས་པའི་གནད་འགག་ཆེན་པོ་ཞིག་ཡིན་པར་སྨོས་མ་དགོས་པ་ཞིག་རེད། དེ་ལ་རྒྱ་བོད་རིས་སུ་མ་མཆིས་པའི་དད་ལྡན་མང་ཚོགས་རྣམ་པས། རང་རང་གི་མོས་མཐུན་དང་བསྟུན་ནས། དགེ་འབྲེལ་ལམ་ཞབས་འདེབས་དངུལ་སྒོར་མང་ཙམ་ཕུལ།
དེ་ནས་ཐར་བདེ་ལྔ་རིག་བསམ་གཏན་སློབ་གླིང་གི་སྒྲུབ་ཐོན་ཐེངས་གཉིས་པས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་སྐུ་གསུང་ཐུགས་ཀྱི་མཆོད་པ་འབུལ་རིམ་ནི། ཕུན་སུམ་ཚོགས་པ་ལྔ་ཡི་ཤིས་ཚིག་དང་འབྲེལ་ནས། དར་ཚོན་ལྔ་ཡིས་སྣ་དྲངས་ཏེ། ས་བཅུ་དང་བདེ་གཤེགས་ས་གསུམ་མཚོན་ཕྱིར་གྲངས་བཅུ་གསུམ་གྱི་མཆོད་པ་འབུལ་བའི་གོ་རིམ། སྐུ་རྟེན་དུ་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་གཅིག གསུང་རྟེན་དུ་རྒྱལ་བའི་བརྟེན་འགྱུར་ཚར་གཅིག་དང་། ཤར་རྫའི་གསུང་འབུམ་ཚར་གཅིག ཐུགས་རྟེན་དུ་དྲི་མེད་ཤེལ་གྱི་མཆོད་རྟེན། ཡོན་ཏན་རྟེན་དུ་རིན་ཆེན་མནྡལ་གཅིག འཕྲིན་ལས་རྟེན་དུ་དབང་ཆེན་བཞིའི་རང་མདངས་མངའ་བའི་ཟ་འོག་ཡུག་གཅིག་དང་གྲུམ་ཙེ་ཆ་གཅིག དེ་བཞིན་བཀྲ་ཤིས་པད་མ། གསེར་གྱི་བུམ་པ། གསེར་གྱི་ཉ་མོ། མི་ནུབ་རྒྱལ་མཚན། སྙན་པའི་དུང་ཆེན། ཐུགས་ལ་དཔལ་བེའུ། ཞབས་ལ་འཁོར་ལོ། དབུ་ལ་གདུགས་ཆེན་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་འབུལ་མཛད་ཅིང་བླ་གྲྭ་རྣམ་པ་ལ་ཀྲུང་སྒོར༥༠རེ་འབུལ། དེ་བཞིན་དུ་རྒྱུན་ལས་རྣམ་པ་ལ་མང་ཇ་གྱ་ནོམ་པ་ཞིག་འབུལ།
དེ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་བླ་མ་སྤྲུལ་སྐུ་མཁན་པོ་དགེ་བཤེས་རྣམ་པས། འདུ་ཁང་ཆེན་མོའི་མདུན་ནས་ལྷ་སྡེ་མང་ཚོགས་རྣམ་པ་ལ་ཕྱག་དབང་བསྐུར། དགོང་མོ་དུས་ཚོད་༦སྟེང་དགོང་ཟས་གསོལ།
དགོང་མོ་དུས་ཚོད་༨ནས་བཅུའི་བར་ཐར་བདེ་ལྔ་རིག་བསམ་གཏན་སློབ་གླིང་གི་བཙུན་མ་རྣམ་པས། མདོ་སྔགས་རྫོགས་གསུམ་གཞུང་ལུགས་སྐོར་ནས་བགྲོ་གླེང་ཟབ་རྒྱས་གནང་ཞིང་མདོ་འཛིན་པ་དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་དང་དགེ་བཤེས་ཚེ་རིང་འགྱུར་གཉིས་ནས་བྱས་ཏེ་ཉིན་དེའི་མཇུག་ཡོངས་སུ་གྲུབ།
༢༠༡༦-༨-༡༩ཆུ་ཚོད༧སྟེང་ཞོགས་ཟས་གསོལ། སྔ་དྲོ་ཆུ་ཚོད༨སྟེང་ལ་ཚོགས་གཙོ་ལགས་དང་། གྲུབ་ཆེན་རིན་པོ་ཆེ་དང་། སྐྱང་སྤྲལ་རིན་པོ་ཆེ། ཤར་རྫའི་རྒྱལ་ཚབ་དང་མཁན་པོ། མཆོག་སྤྲུལ་འཇིགས་དགའ་སོགས་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དབུ་བཞུགས་མཛད་དེ།
ཐར་བདེ་མི་གཡོ་བསམ་གཏན་སློབ་གླིང་གི་ལོ་བཞིའི་སྒྲུབ་གྲྭ་མཐར་ཕྱིན་གྱི་བཙུན་མ་སྒྲུབ་ཐོན་པའི་མཛད་སྒོ་སྤེལ་བའི་དབུ་བཟུང་། དེ་ཡང་སྒྲུབ་མཁན་བསྟན་འཛིན་རྣམ་དག་གིས་མཛད་སྒོའི་གཏམ་བཤད་གནང་བ་མ་ཟད། སྒྲུབ་ཐོན་པ་བཙུན་མ་ཁ་ཤས་ཀྱིས་མདོ་སྔགས་རྫོགས་གསུམ་གྱི་རྩ་ཚིག་བློ་རྒྱུགས་འབུལ་བ་དང་། སྒྲུབ་གྲྭ་སྒྲིག་གཞི་དང་ངོ་སྤྲོད། ནང་བའི་གྲུབ་མཐའ་རྣམ་པའི་ངོ་སྤྲོད། སྒྲུབ་ཐོན་པ་བཙུན་མ་ཁ་ཤས་ནས་ལོ་འཁོར་བཅུ་ཕྲག་མང་པོར་གྲུབ་ཆེན་གོང་མའི་རྗེས་སུ་འབྲེང་ཞིང་དབེན་པའི་གནས་སུ་འགྲིམ་རྒྱུ་དམ་བཅའ་འབུལ། དེ་ཡང་སྒྲུབ་ཐོན་པའི་བཙུན་མ་དང་དགེ་བསྙེན་རྣམ་པ་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རིན་པོ་ཆེ་དང་། དགོན་དེའི་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་གཉིས་ནས། གཟི་བརྗིད་དཔང་ཡིག་གནང་བ་དང་། མཆོག་སྤྲུལ་འཇིག་དགའ་རིན་པོ་ཆེ་ནས། སྒྲུབ་གྲྭའི་སློབ་ཐོན་ལག་ཁྱེར་གནང་། ཤར་རྫའི་རྒྱལ་ཚབ་མཁན་པོ་རྣམ་གཉིས་ནས་བཀྲ་ཤིས་པའི་དར་དཀར་གནང་ཞིང་མཛད་སྒོ་གྱ་ནོམ་པ་མཛད་པ་མ་ཟད་ཁྱད་མཁས་བཙུན་མ་བཅུ་གཅིག་ལ་མཁན་མོའི་མཚན་གསོལ་གནང་། དེ་ལ་ཚོགས་གཙོ་རྩེ་ཞིག་སང་དང་མཁན་རིག་འཛིན་དབང་རྒྱལ་ནས་མཉམ་འབྲེལ་མཐུན་ཚོགས་ངོས་ནས་སྒྲུབ་ཐོན་པ་རྣམ་ལ་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་མཛད་ནས་དར་དཀར་འབུལ།
དེ་ནས་དུས་ཚོད་༡༢སྟེང་ཉིན་གུང་གསོལ་ཟས་བཞེས་ཏེ། ཉིན་གུང་དུས་ཚོད༡ནས་མདོ་འཛིན་མཁན་རིག་འཛིན་དབང་རྒྱལ་ནས་མཛད། སྐྱང་སྤྲུལ་རིན་པོ་ཆེ་ལགས་ནས། དོན་ཚན་བཞི་བ་བཀའ་འགྱུར་དཔེ་སྡུར་སྐོར་ནས་གསུང་བཤད་གནད་བསྡུས་བཀའ་ལ་བཅོས་བསྒྱུར་བྱེད་མི་ཉན་ནའང་ཡིག་ནོར་དག་ངེས་ཅན་དུ་བཅོས་དགོས་ཚུལ་གསུངས།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ནས། མདོ་དབུས་ཁམས་གསུམ་གྱི་མ་དཔེ་མི་འདྲ་བ་བཞི་ངེས་ཅན་དུ་དགོས། སྨོན་རྒྱལ་ལྷ་སྲས་ཀྱི་བཀའ་འགྱུར་གཞིར་བཞག་བྱས་ཏེ། བོད་ཕྱི་ནང་མདོ་དབུས་ཁམས་གསུམ་གྱི་བོན་གྱི་བཤད་གྲྭ་ཁག་གི་དགེ་བཤེས་རྣམ་པས་གཙོ་འགན་མཛད་དགོས་ཚུལ་སྐོར་དང་། དོན་ཚན་བཞི་ཡི་སྐོར་ནས་གསུངས། དེ་བཞིན་རག་ཞིག་ཀུན་གསལ་སྙིང་པོ་དང་། རྩེ་དྲུག་བླ་མ་གནམ་སྲས་རྣམ་གཉིས་ནས། བཀའ་འགྱུར་མ་དཔེ་གོ་སྡུར་ནས་ཚད་གཞི་གཅིག་གྱུར་ཡོང་ན། རྒྱ་ཡིག་བསྒྱུར་རྒྱུ། ཤིང་རྐོས་ཕབ་རྒྱུ་དང་། དེབ་གཟུགས་སོགས་གང་བསྐྲུན་ན་ཡག་པོ་ཡོང་བའི་སྐོར་གསལ་བཤད། དོན་ཚན་དྲུག་པ་གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ། འདོན་པའི་དབྱངས་རྟ་བྲུ་ལུགས་བཞིན་མཉམ་མེད་གསོལ་འདེབས། སྐྱབས་སེམས། མཛད་བཅུ། མདོ་ཡན་ལག་བརྒྱད་པ། སྐྱེ་སྒོ་གཅོད་པའི་ཆོ་ག སྨོན་ལམ་རྣམ་གསུམ། ཞི་བདེའི་སྨོན་ལམ་བཅས་འདོན་རྒྱུ་ཐག་བཅད་བྱུང་། དེ་བཞིན་བོན་འབངས་ཡོངས་ནས་མི་རེ་རེས། གཡུང་དྲུང་བོན་སྨོན་ལམ་ཆེན་མོ་ལ་ཞབས་འདེབས་སྒོར༢རེ་རང་མོས་ལམ་ནས་འབུལ་ཆོག གལ་སྲིད་སྒོར་༢ལས་བརྒལ་བའི་སྒོར་འབུལ་མཁན་ཡོད་ན། འབྲེལ་ཡོད་མི་སྣའི་ཕྱག་བརྒྱུད་ནས་བོན་མཉམ་འབྲེལ་གྱི་ཕྱག་ཏུ་འཕྲོད་དགོས།
དེ་འབྲེལ་གྱི་ཐེངས་འདིའི་དོན་ཚན་རྣམས་དགུ་མཇུག་མཐའི་གྲོས་ཆོད་ལེགས་འགྲུབ་བྱུང་ཚུལ་དྲུང་ཡིག་ཆེན་མོས་གསལ་བཤད་མཛད་ཅིང་།
ཚོགས་གཙོ་ལགས་ཀྱིས་མཇུག་མཐའི་གསུང་བཤད་གནང་སྟེ་ཐར་བདེ་མི་གཡོ་བསམ་གཏན་གླིང་ལ་གཟེངས་རྟགས་འབུལ་བ་དང་ཆབ་གཅིག་སྲིད་པའི་བརྡ་དར་ཆེན་པོ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རྟགས་གཉིས། ལོ་རྗེས་མའི་རྒྱུན་ལས་འཚོགས་སའི་ཐེ་བོ་གཙོ་ཚང་དགོན་གྱི་མཁན་ཚེ་དབང་རིག་འཛིན་ལ་བརྒྱུད་སྤྲོད་གནང་།
དེ་ཡང་ཐེངས་འདིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཁ་དང་གཟི་བརྗིད་ངང་ནས་འཚོགས་པ་ལ་སྔ་ཕྱི་བར་གསུམ་ནས་རྒྱབ་སྐྱོར་ཐུགས་ཁུར་གཙོ་འགན་མཛད་པའི་ཐར་བདེ་མི་གཡོ་བསམ་གཏན་གླིང་གི་བསྟན་བདག་མཆོག་སྤྲུལ་ཚེ་དབང་འགྱུར་མེད་དང་། སྤྲུལ་བསྟན་འཛིན་རྒྱ་མཚོ་གཉིས་གཙོའི་པའི་ཐར་བདེ་ཡུལ་དགོན་གཉིས་ལ་བཀའ་དྲིན་ཁྱད་ཞུ་དང་། འབྱུང་འགྱུར་བྱ་བ་ཐམས་ཅད་ལེགས་འགྲུབ་བྱུང་བའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ།
ཞེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་དྲུང་ཡིག་ཚན་ཁག་ནས་༢༠༡༦་༨་༢༠ཉིན།