ཀན་སུའུ་འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་ཡུལ་དངོས་རྟོག་ཞིབ་དང་ཞིབ་བསྡུར་ཚོགས་འདུ།

[ཟླ་ཚེས། 2016-07-18 14:35:38][རྩོམ་པ་པོ། བཀྲ་ཤིས་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

197539409805791794.jpg

ཀན་སུའུ་འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་ཡུལ་དངོས་རྟོག་ཞིབ་དང་ཞིབ་བསྡུར་ཚོགས་འདུ།
甘肃舟曲古藏文苯教文献实地调研暨研讨会

_DSC0334.JPG

     2016ལོའི་ཟླ7ཚེས12ནས14བར། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གིས་ཀན་སུའུ་འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་ཡུལ་དངོས་རྟོག་ཞིབ་དང་ཞིབ་བསྡུར་ཚོགས་འདུ་གཙོ་སྒྲུབ་གནང་ཞིང་། བྱ་འགུལ་དེར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དོན་གྲུབ་ལྷ་རྒྱལ། ལན་གྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆོས་འཕེལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལྷོ་ནུབ་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཐོགས་མེད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མགོན་པོ་བཀྲ་ཤིས་དང་དགེ་རྒན་ཆེན་མོ་གཞོན་པ་མཆོན་རྟེན་ཐར། དཀར་མཛེས་ཁུལ་ཡིག་ཚང་ཁང་གི་སྡེ་རོང་ཚེ་རིང་དོན་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་མོ་སྐྱིད། ཡུན་ནན་ཞིང་ཆེན་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་པ་པད་མ་ཚེ་རིང་སོགས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་མཁས་པ་གྲགས་ཅན་བཅུ་ལྷག་དང་། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་དང་འབྲུག་ཆུ་རྫོང་གི་འགོ་ཁྲིད་མང་པོ་ཞུགས་ཡོད།

_DSC0460.JPG

     ཟླ7ཚེས12ཉིན་དགེ་རྒན་ཆེན་མོ་དང་མཁས་པ་གྲགས་ཅན་བཅུ་ལྷག་དང་། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་དང་འབྲུག་ཆུ་རྫོང་གི་འགོ་ཁྲིད་རྣམས་འབྲུག་ཆུར་ཕེབས་ལ། ཕྱི་ཉིན་དགེ་རྒན་ཆེན་མོ་སོགས་མཁས་པའི་དབང་བོ་དང་འགོ་ཁྲིད་རྣམས་ཀྱིས་འབྲུག་ཆུ་རྫོང་གི་ཕིང་ཏིང་ཤང་ལ་རྩེ་(舟曲县坪定乡九原村)དང་ཧན་པན་ཤང་གསེར་པོ་ཤོག་བོད་དམག་ལྷ་ཁང་(憨班乡黑峪村贡巴寺)དུ་ཕེབས་ནས་རྟོག་ཞིབ་དང་གཟིགས་སྐོར་གནང་།

_DSC0309.JPG

     ཚེས14ཉིན་ཀན་སུའུ་འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་ཡུལ་དངོས་རྟོག་ཞིབ་དང་ཞིབ་བསྡུར་ཚོགས་འདུ་འཚོགས། ཚོགས་ཐོག་ཏུ་ཀན་ལྷོ་ཁུལ་དང་འབྲུག་ཆུ་རྫོང་གི་འགོ་ཁྲིད་རྣམས་ཀྱིས་གཙོ་བོ་འབྲུག་ཆུ་ནས་བོན་གྱི་གནའ་དཔེ་རྙེད་པར་ཆེད་དུ་མི་སྣ་རྩ་འཛུགས་བྱས་ཏེ་འཚོལ་བསྡུ་དང་སྲུང་སྐྱོབ་བྱས་པའི་གནས་ཚུལ་ཞུས་ལ། དགེ་རྒན་ཆེན་མོ་གཙོས་མཁས་དབང་རྣམས་ཀྱིས་སོ་སོའི་ཞིབ་འཇུག་གི་ཐད་ནས་འབྲུག་ཆུའི་བོན་གྱི་གནའ་དཔེ་དེ་དག་ནི་མ་དཔེ་དཀོན་པོ་ཡིན་ལ། བོན་གྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། ཡི་གེ གོམས་སྲོལ་སོགས་ལ་ཞིབ་འཇུག་བྱེད་པར་གསར་རྙེད་བྱུང་བའི་རྒྱུ་ཆ་རིན་ཐང་དང་ལྡན་པ་ཁག་ཅིག་ཡིན་ལ། གནའ་དཔེ་དེ་དག་ལེགས་སྒྲིག་དང་སྲུང་སྐྱོབ། པར་སྐྲུན་སོགས་བྱེད་པའི་ཐད་ལ་དགོངས་འཆར་མང་པོ་བཏོན།

_DSC0325.JPG

     2008ལོར་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་བློ་གསལ་དང་བོད་ཡིག་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རིན་བཀྲ་ཤིས་ཚེ་རིང་ཁོང་གཉིས་ཀྱིས་འབྲུག་ཆུ་རྫོང་ནས་བོན་གྱི་གནའ་དཔེ་གསར་རྙེད་བྱུང་། དེའི་རྗེས་སུ་ཁོང་ཚོས་ས་གནས་ཀྱི་སྟོབས་ཤུགས་དང་མི་མང་པོ་རྩ་འཛུགས་བྱས་ནས་འབྲུག་ཆུ་རྫོང་གི་སྡེ་བ་བཅུར་བོན་གྱི་གནའ་དཔེ་པོད180ལྷག་དང་བསྡོམས་པས་ཤོག་གྲངས36000ལྷག་འཚོལ་བསྡུ་བྱས། འབྲུག་ཆུ་རྫོང་ནས་རྙེད་པའི་བོན་གྱི་གནའ་དཔེ་དེ་དག་ནི་ཡིག་ཆ་དཀོན་མོ་ཡིན་ལ། གནའ་དཔེ་དེ་དག་བོན་གྱི་ལོ་རྒྱུས་དང་རིག་གནས། ཞང་ཞུང་གི་ཡི་གེ ཡིག་རྙིང་གི་སྐུང་ཡིག་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་དུ་ངེས་སོ།།

94668049750120370.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།