༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཉིན་གསུམ་པའི་གནས་བསྡུས།

[ཟླ་ཚེས། 2016-04-23 07:56:09][རྩོམ་པ་པོ། ཁྱུང་ཐོག་རྒོད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-1.jpg1-2.jpg

     ༢༠༡༦།༤།༢༢།སྔ་དྲོའི་ཕྱག་ཚོད་༩།ཐོག་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བླ་བྲང་ནས་སྤོས་གླིང་གིས་གདན་དྲངས་ཏེ་ཚོགས་གུར་ཆེན་མོར་མི་འཇིག་གདོང་ལྔའི་ཁྲི་རུ་འཁོད། དེ་མཚམས་སེར་སྐྱ་མི་མང་རྣམས་གདན་ལ་འཁོད་དེ་༧རྗེ་བླ་མ་མཆོག་ནས་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བཀའ་དྲིན་བསྩལ་བ་དང་། རིན་པོ་ཆེ་མཆོག་ནས་དབང་གི་སྔོན་འགྲོའི་བཤད་པ་ཟབ་རྒྱས་གནང་།

2-1.jpg2-2.jpg

     ཕྱི་རྒྱལ་གྱི་དད་ལྡན་རྣམས་ལ་བླ་མ་ཁྱིམ་གསར་གྱིས་དབྱིད་སྐད་སྒྱུར་གནང་མཛད། མཐར་འདུས་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམས་རིམ་གྱིས་བཤར་དབང་ཞུས་ཏེ་ཉིན་གུང་གི་གསོལ་ཚིགས་བཞེས། ཕྱག་ཚོད་༣།ཐོག་རིན་པོ་ཆེ་མཆོག་ནས་ཀུན་གསལ་བྱམས་མ་ཆེན་མོའི་སྔགས་བསྟོད་ཀྱི་ལུང་དང་ཁྲིད་གདམས་གནང་བ་དང་། ཕྱི་རྒྱལ་གྱི་དད་ལྡན་བོན་ཞུ་བའི་ཆེད་དུ་བླ་མ་ཁྱིམ་གསར་གྱིས་དབྱིན་སྐད་དུ་བསྒྱུར་གནང་བ་དང་།

3-1.jpg3-2.jpg

     མཐར་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་ནས་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚབ་ཞུས་ཏེ། ད་ལན་གྱི་བརྟན་བཞུགས་རྒྱས་འབུལ་གྱི་ལས་དོན་ཐད་ཕྱར་བ་གྲུ་འདེགས་གནང་མཁན་གྱི་གོ་སྒྲིག་ཚོགས་མི་རྣམ་དང་། འབྲེལ་ཡོད་བོན་གྱི་ལྷ་སྡེ་མི་མང་། དམིགས་བསལ་དུ་༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་པ་རྒྱ་མཚོས་མ་བསྐུལ་དང་བླངས་ཀྱིས་གྲ་སྒྲིགས་འཐུས་ཚང་གནང་བ་ལ་བཀའ་དྲིན་ལེགས་གསོལ་དང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྤེལ།

4-1.jpg4-2.jpg

     དེ་མཚམས་འདུས་མང་དང་དད་ལྡན་ལྷ་སྡེ་ཡོངས་ཀྱིས་ལག་ཏུ་སྒྲོན་མེ་ཐོགས་ཏེ་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ལས་བྱུང་བའི་མར་མེ་སྨོན་ལམ་དབྱངས་སུ་གྱེར་བཞིན་བསོད་ནམས་ལས་ཀྱིས་འཛོམས་པའི་གཤེན་གྲོགས་ཕོ་མོ་རྣམས་དད་དམ་གཙང་ཞིང་ཚེ་རབས་ཀུན་ཏུ་གཡུང་དྲུང་སྤུན་དུ་འགྱུར་བའི་གསོལ་སྨོན་ཞུས་པ་དང་།

5-1.jpg5-2.jpg

     ༧དཔལ་རྒྱལ་བ་སྨན་རི་བའི་བསྟན་བདག་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་གསོལ་འདེབས་གདུང་ཤུགས་དྲག་པོས་དབྱངས་སུ་གྱེར་བཞིན་རིན་པོ་ཆེ་རྣམ་གཉིས་སྐུ་ཚེ་གཡུང་དྲུང་གི་གཤིས་སུ་བརྟན་པ་དང་། ཚེ་རབས་ནས་ཚེ་རབས་སུ་འདྲེན་པ་ཉི་ཟླ་ཟུང་གིས་སྐྱབས་འོག་ཏུ་ཚུད་པའི་གསོལ་འདེབས་བྱས་མཐར་སྒོ་གསུམ་རྣམ་པར་དག་པའི་སྨོན་ལམ་གྱིས་རྒྱས་གདབ་སྟེ་བརྟན་བཞུག་མཛད་སྒོ་ཆེན་མོ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་ལེགས་གྲུབ་པ་བཅས་བརྟན་བཞུགས་ཉིན་གསུམ་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་༢༠༡༦།༤།༢༢།ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།