སྨན་རིའི་དགེ་བཤེས་སོག་བཟོད་པ་རྒྱ་མཚོ་བླ་མར་ཁྲི་བཞེངས་མཛད་པ།
[ཟླ་ཚེས། 2016-03-04 10:28:34][རྩོམ་པ་པོ། གྱེར་ནག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་དགེ་བཤེས་སོག་བཟོད་པ་རྒྱ་མཚོ་མཆོག་བླ་མར་ཁྲི་བཞེངས་མཛད་པ།
ཕྱི་ལོ་༢༠༡༦ཟླ་བ་དང་པོའི་ཚེས་༢༤སྟེ་བོད་མེ་སྤྲེལ་ལོའི་ཟླ་བ་དང་པོའི་ཚེས་བཅུ་བདུན་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགེ་བཤེས་བཟོད་པ་རྒྱ་མཚོ་མཆོག་ཁྲི་བཞེངས་མཛད་ཡོད་པ། དེ་ཡང་སོག་གཡུང་དྲུང་རིན་ཆེན་གླིང་གི་ཡུལ་གྱི་ལྷ་འབངས་རྣམས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་གཉིས་དང་དཔལ་ལྡན་སྨན་རིའི་བླ་སྤྱི་བཅས་ལ་སྙན་གསེང་དགོངས་འཁྲོལ་ཞུས་དོན་བཞིན། གྲྭ་ས་ཆེན་པོའི་ལམ་སྲོལ་བཞིན་གོང་ཟླའི་བོད་ཚེས་བཅུ་བདུན་ཉིན་གྱི་ཞོགས་པའི་ཕྱག་ཚོད་བཅུ་པའི་སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད།
དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་རྣམས་ཀྱིས་རིམ་བཞིན་མནྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ནས་དར་ཁ་བསྒྲོན་འབུལ་དང་མཇལ་ཁ་ཞུས་ཡོད་པ་དང་།
སོག་གཡུང་དྲུང་རིན་ཆེན་གླིང་ནས་བོན་གཞིས་སེར་སྐྱ་མང་ཚོགས་ལ་འབྲས་སིལ་དང་གསོལ་ཇ་བཅས་དགྱེས་བསྩལ་གནང་ཞིང་། སྨན་རིའི་དགེ་འདུན་འདུས་པ་རྒྱ་མཚོ་ལ་མང་ཇ་དང་སྐུ་འགྱེད་བཅས་ཕུལ་ཏེ་ལྟས་བཟང་གི་མཛད་སྒོ་དེ་ཉིད་དགེ་བའི་ངང་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།
སོག་གཡུང་དྲུང་རིན་ཆེན་གླིང་གི་ངོ་སྤྲོད།
སོག་གཡུང་དྲུང་རིན་ཆེན་གླིང་ནི་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏར (Ulaanbaatar Mongolia)ནས་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་ལ་ཡོད་པའི་སོག་པོའི་མངའ་སྡེ་(Tuw Aimag, Mongolia)ཞེས་པའི་གྲོང་ཁྱེར་དེའི་ཉེ་འགྲམ་དུ་ཕྱག་བཏབས་གནང་ཡོད། བོན་གྱི་དགོན་པ་དེ་ནི་ཕྱི་ལོ་ 2011ལོར་སྨན་རིའི་དགེ་བཤེས་སོག་པོ་མཁན་པོ་བཟོད་པ་རྒྱ་མཚོ་རིན་པོ་ཆེ་ལགས་ནས་སོག་པོའི་གཞུང་ལ་ཁྲིམས་མཐུན་གྱི་སྙན་ཞུའི་ཡིག་ཆ་ཞུས་སྒྲིག་གིས་ཆོག་མཆན་ཐོབ་ནས། ད་ལྟའི་དགོན་གནས་འདི་གསར་དུ་ཉོ་བསྒྲུབས་མཛད་པ་ཞིག་རེད། 2012ལོར་དགོན་གནས་དེར་ཕྱིའི་ལྕགས་རིའི་ཚུལ་དུ་ཨར་རྡོ་བརྩིགས་སྒྲིག་གིས་ར་བ་ཡོངས་སུ་བསྐོར་ནས་གྲུབ་ཡོད། 2013ལོ་ནས་འཆར་གཞིའི་རི་མོ་སོགས་ལེགས་སྒྲིག་ཟིན་ནས་ད་ལྟ་གཙུག་ལག་ཁང་སོགས་བཞེངས་མུས་སུ་ཡོད་པའི་སོག་ཡུལ་གྱི་བོན་དགོན་ཐོག་མ་དེ་རེད།
སྨན་རིའི་དགེ་བཤེས་བཟོད་པ་རྒྱ་མཚོ་ལགས་ནི།
ཕྱི་ལོ་2001ལོར་སོག་ཡུལ་ནས་འཕགས་ཡུལ་སྨན་རིའི་དགོན་དུ་ཕེབས་ཤིང་༧སྨན་རིའི་མཁན་སློབ་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་ཚོགས་གྲལ་དུ་ཞུགས། 2002ལོར་སྨན་རིའི་བཤད་གྲྭར་ཞུགས་ཤིང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ལྷ་རིས་དང་བཅས་པར་སྦྱངས་པ་ཕུལ་ཕྱིན་མཛད། ཕྱི་ལོ་2016ལོར་སྨན་རིའི་དགེ་བཤེས་སྐབས་18པར་༧སྨན་རིའི་མཁན་སློབ་རྣམ་པའི་དྲུང་ནས་བཀའ་རབ་འབྱམས་པ་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཤིང་། སོག་གཡུང་དྲུང་རིན་ཆེན་གླིང་གི་མཁན་པོར་གདན་ས་སྨན་རིའི་གླིང་དུ་ཁྲི་བཞེངས་མཛད།
ད་ལྟ་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏར (Ulaanbaatar Mongolia) གྱི་ཉེ་འགྲམ་དུ་ཆགས་པའི་སོག་གཡུང་དྲུང་རིན་ཆེན་གླིང་གི་ཚོགས་ཁང་གསར་བཞེངས་སོགས་ཀྱི་ཕྱག་ལས་གནང་བཞིན་པ་བཅས་ཀྱི་ངོ་སྤྲོད་གནད་བསྡུས་ཙམ་དུ་སྨན་རིའི་དྲ་ཚིགས་ཁང་ནས་གྱེར་ནག་ཚང་གིས་སྤེལ་བ་དགེ།