སྨོན་རྒྱལ་བླ་བྲང་དུ་མཉམ་མེད་དུས་ཆེན་འཚོགས་པའི་སྐོར།

[ཟླ་ཚེས། 2016-02-18 12:09:50][རྩོམ་པ་པོ། མཁན་པོ་དྲང་སྲོང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

111.jpg 

     འབྱུང་ལྡན་༣༠༡འབྱུང་ལོ་༡༨༠༣༣བོད་མེ་སྤྲེལ་ལོ་སྟེ་སྤྱི་ལོ་༢༠༡༦ལོར་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་ལོ་དུས་ཀྱི་བོད་ཟླ་དང་པོའི་ནང་དུས་ཆེན་༼ཡོངས་གྲགས་མཉམ་མེད་དུས་ཆེན༽ཏེ་༧རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་བོད་ཟླ་དང་པོ་ཚེས་བཞི་ནས་དབུ་བཙུགས་ཏེ་གདན་ས་སྨོན་རྒྱལ་བླ་བྲང་གི་སྒོམ་སྒྲུབ་གཙུག་ལག་སློབ་གླིང་གི་འདུས་པ་རྒྱ་མཚོ་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་འཕྲིན་ལས་བཅོ་བརྒྱད་ཀྱི་གཞུང་བསྲིངས། བོད་ཚེས་ལྔ་ཉིན་འཁྲུངས་མཆོད་ཆེན་མོ་དངོས་སུ་བརྩི་བསྲུང་ཞུས་ཏེ་གདན་ས་ནོར་འཛིན་འཁྱིལ་གླིང་གི་བསྟན་བདག་སྨོན་རྒྱལ་བླ་རབས་༡༨༨པ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེ་དབུས་པའི་གླིང་གི་འདུས་པ་རྒྱ་མཚོའི་ཚོགས་ནས་གསེར་ཕྲེང་ནོར་བུ་དགའ་འཁྱིལ་ཕེབས་པ་དང་མནྜལ་སྐུ་གསུམ་ཐུགས་གསུམ་གྱི་མཆོད་པ་དང་མེ་ཏོག་བཅས་བཤམས་ཏེ་དུས་ཆེན་གྱི་སྟ་གོན་ལེགས་པར་གྲུབ་པའོ།།

2-1.JPG2-2.JPG 

     ཉིན་གུང་ཕྱག་ཚོད་གཉིས་པའི་ཐོག་སྨོན་རྒྱལ་བླ་བྲང་གི་རིག་གཞུང་ལོ་དེབ་༼རྒྱལ་གྱི་ཐེམ་སྐས༽འདོན་ཐེངས་གསུམ་གྱི་དགོངས་དོན་ངོ་སྤྲོད་དང་འགྲེམས་སྤེལ་གཟེངས་བསྟོད་རྟེན་འབྲེལ་མཛད་སྒོ་དབུ་བརྩམས། མཛད་སྒོའི་གཙོ་སྐྱོང་བ་ཉི་རྒྱན་ནས་ལེ་ཚན་བདུན་གྱི་གོ་རིམ་སྤེལ།

 3-1.JPG3-2.JPG

     ༡༽ཐོག་མར་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་མཛད་སྒོའི་རྟེན་འབྲེལ་ཤིས་སྨོན་གནང་། ༢༽ སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་དང་རྒྱལ་གྱི་ཐེམ་སྐས་རྩོམ་སྒྲིག་པ་ཉི་མ་རྒྱལ་མཚན་རྣམ་གཉིས་ནས་ལོ་དེབ་གསུམ་པའི་དབུ་འབྱེད་ཕྱེས། ༣༽ སྨོན་སྲས་སྒྲུབ་ཐོན་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ་ནས་བོད་ཡིག་ཐོག་ནས་ངོ་སྤྲོད་མདོར་བསྡུས་ཀྱི་གཏམ་བཤད་སྤེལ། སྨོན་སྲས་སྒྲུབ་ཐོན་པ་གདུང་འཛིན་ཚེ་དབང་ནམ་མཁའ་རིན་པོ་ཆེ་ནས་རྒྱ་སྐད་ཀྱི་གཏམ་བཤད་གནང་། པེ་ཅིང་རྒྱལ་སའི་དགེ་འོས་སློབ་གླིང་གི་སློབ་ཆེན་སློབ་མ་སྨོན་རྒྱལ་བྱང་ཆུབ་དབང་མོ་ནས་དབྱིན་སྐད་ཀྱི་ཐོག་ནས་ལོ་དེབ་སྐོར་ནས་གཏམ་བཤད་སྤེལ། ༤༽ལོ་དེབ་གཙོ་སྒྲིག་པ་མཆོག་ནས་༼རྒྱལ་གྱི་ཐེམ་སྐས༽རིག་གཞུང་ལོ་དེབ་འདིའི་ཁ་ཕྱོགས་དང་རྒྱུ་ཚེགས་དཀའ་ངལ་ལ་མ་འཛེམས་པའི་སྒྲོམ་སྟེགས་འདི་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་མ་འོངས་པར་མུ་མཐུད་ཡར་རྒྱས་དང་འདིའི་དགེ་མཚན་སྔོག་འདོན་དང་སྟོང་ཆ་ཁ་སྐོང་དགོས་རིགས་ཀྱི་རྩོམ་སྒྲིག་ཚོགས་པའི་ལས་དོན་སྐོར་ནས་སྙན་གསན་ཞུས།

4-1.JPG4-2.JPG

     མདོར་ན། གཡུང་དྲུང་བོན་དང་འབྲེལ་བའི་རྒྱལ་རབས། བསྟན་འབྱུང་། ལོ་རྒྱུས་སོགས་ཕྱོགས་གང་ཐད་ནས་ལོ་རྒྱུས་རིན་ཐང་ཅན་དང་དགོན་སྡེ་གནའ་རབས་ཅན་སྒྱུ་རྩལ་གསོན་ཉམས་ཅན་སོགས་གབ་སྦས་ཆད་གསུམ་སོང་བ་རྣམས་མྱུར་དུ་རིག་གཞུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྦྲེལ་ནས་མཐུད་ཐུབ་པའི་གསོན་ཤུགས་གསར་པ་ཞིག་ཏུ་སླེབ་ཐབས་ཀྱི་འབད་བརྩོན་དགོས་པའི་ལམ་སྟོན་གནང་བ་དང་༼རྒྱལ་གྱི་ཐེམ་སྐས༽འདི་ལ་ཐོག་མཐའ་བར་གསུམ་གྱི་ལས་དོན་མི་སྣ་རྣམས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་བའི་གཏམ་བཤད་སོགས་སྤེལ།

5-1.JPG5-2.JPG 

     ༥༽ རིག་གཞུང་ལོ་དེབ་ནང་དུ་རྩོམ་ཡིག་སྤེལ་བའི་སྨོན་རྒྱལ་བླ་བྲང་གི་སྒྲུབ་གྲྭའི་རྩོམ་པ་པོ་ཇི་སྙེད་ཅིག་ལ་རྟེན་འབྲེལ་གྱི་གཟེངས་རྟགས་བྱ་དགའ་ཁ་བཏགས་བཅས་ཕུལ། ༦༽ལོ་དེབ་འདོན་ཐེངས་དང་པོའི་རྒྱུ་སྦྱོར་ཡོན་གྱི་བདག་པོ་བསྟན་པ་བཀྲ་ཤིས་དང་སྐྱུར་ཚང་སྟག་ལ་བཀྲ་ཤིས། ལོ་དེབ་འདོན་ཐེངས་གཉིས་པའི་སྦྱིན་བདག་སྒར་ཁང་ཁྲི་འཛིན་ཚེ་དབང་མཆོག་གྲགས་རིན་པོ་ཆེ་དང་། ལོ་དེབ་འདོན་ཐེངས་གསུམ་པའི་དད་སྦྱིན་སྤུ་རུ་ཚེ་དབང་བསྟན་རྒྱལ་བཅས་ལ་ཡུམ་ཤེས་ཤེས་རབ་བྱམས་མའི་ཞལ་ཐང་བཅས་ཚན་པ་གསུམ་གྱི་ཐུགས་རྗེ་ཆེ་ཞེས་ལེགས་གསོལ་མཚོན་བྱེད་ཀྱི་ལག་རྟགས་ཕུལ། ༧༽འཚོགས་ཞུགས་ཀྱི་བླ་སློབ་འདུས་ཚོགས་སྐུ་མགྲོན་རྣམས་ལ་གྲོ་མ་འབྲས་སིལ་དང་གསོལ་མཆོད་ཀྱི་སྟོན་མོ་བཤམས་ནས་ལོ་དེབ་ཀྱི་མཛད་སྒོ་ཡོངས་སུ་མཇུག་བསྡུས་པའོ།།

6-1.JPG6-2.JPG 

     དགོང་མོ་ཕྱག་ཚོད་བརྒྱད་པའི་ཐོག་སྨོན་རྒྱལ་བླ་བྲང་གི་གསེར་གདུང་སྣང་སྲིད་དཔལ་འབར་གྱི་མདུན་དུ་སྒྲུབ་གྲྭའི་དགེ་སློབ་ལྷན་རྒྱས་ནས་༧རྗེ་མཉམ་མེད་ཡབ་སྲས་གསུམ་གྱི་ཞལ་ཐང་མདུན་དུ་དད་མོས་འདུན་པའི་དབྱངས་ཀྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་གསོལ་འདེབས་གྱེར་ནས་ཕྱི་ནང་གསལ་བའི་སྒྲོན་མེ་ཇི་སྙེད་ཅིག་གི་མཆོད་པ་ཕུལ་བ་བཅས་མཉམ་མེད་དུས་ཆེན་གྱི་གོ་རིམ་ལེགས་པར་གྲུབ་པའོ།། དགེ་དེས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ལྷག་ཏུ་མཉམ་མེད་བླ་མའི་ཕྱི་ནང་གསང་བ་གསུམ་གྱི་བསྟན་པ་དར་ཞིང་རྒྱས་པ་དང་འགྲོ་བའི་ནད་མུག་མཚོན་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཞི་ཞིང་དཔལ་ལྡན་བླ་མ་རིན་པོ་ཆེའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུ་རུ་གྱུར་ཅིག

7-1.JPG7-2.JPG 

སྨོན་རྒྱལ་བླ་བྲང་སྒྲུབ་གྲྭའི་དྲུང་ཡིག་ཚན་ཁག་ནས་མཁན་མིང་ཙམ་འཛིན་པ་གཤེན་བཙུན་དྲང་སྲོང་རྒྱལ་མཚན་གྱིས་ཕུལ། ༢༠༡༦།༡།༡༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།