བོན་གྱི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་དང་ཞིབ་འཇུག་གི་རྣམ་གྲངས་ཁག་ངོ་སྤྲོད།
[ཟླ་ཚེས། 2016-01-18 11:24:39][རྩོམ་པ་པོ། བཀའ་འགྱུར་ཡིག་བསྒྱུར་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ》རྒྱ་བསྒྱུར་དང་ཞིབ་འཇུག་གི་རྣམ་གྲངས་ངོ་སྤྲོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་༢༠༡༣ལོའི་ཟླ་༡༢ཚེས་༣༠ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་སྐབས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་རྒྱལ་ཁབ་གཟུགས་བརྙན་གཏོད་རྒྱུར་དོ་སྣང་བྱེད་དགོས་པ་དང་། ཀྲུང་གོའི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་། མི་རིགས་ཁག་གི་སྣ་མང་གཞི་གཅིག་དང་། རིག་གནས་སྣ་མང་ཞི་མཐུན་ཡོད་པ་བཅས་ཀྱི་ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་གཙོ་བོར་བསྟན་ཏེ། རྒྱལ་ཁམས་ལས་བརྒལ་བ། ཡིད་དབང་འཕྲོག་ཤུགས། དེང་རབས་ཀྱི་རིན་ཐང་ལྡན་པ་བཅས་ཀྱི་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་ཆ་ལག་ཚང་བར་གསེད་བཀྲོལ་བྱས་ཏེ། བཙན་མཁར་ཕོ་བྲང་ནང་དུ་ཉར་བའི་རིག་དངོས་དང་། ས་གཞི་ཆེན་པོའི་སྟེང་དུ་བཤམས་པའི་ཤུལ་ནོར། གཙུག་ལག་དཔེ་ཆའི་ནང་གི་ཡི་གེ་བཅས་པ་དར་འཕེལ་ཡོང་དུ་འཇུག་དགོས་ཅེས་བསྟན་ཡོད།
རྣམ་གྲངས་འདི་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་ལས་ཁང་གིས་༢༠༡༤ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་(ཁག་གཉིས་པ)གྱི་ཆོག་མཆན་༢༠༡༤ལོའི་སྤྱི་ཟླ་༡༡པའི་ཚེས་༥ཉིན་གནང་།
ཆོག་མཆན་ཨང་གྲངས། <14ZDB011>ཡིན་ལ། རྣམ་གྲངས་ཀྱི་མིང་ནི། “《གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ》རྒྱ་བསྒྱུར་དང་ཞིབ་འཇུག”ཅེས་པ་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་ཤེལ་ལེ་རྒྱ་སྐར་གླིང་། ཆིང་ཧ་སློབ་ཆེན་བཅས་ཀྱིས་མཉམ་དུ་བསྒྲུབ་རྒྱུ།
རེ་འདུན། འཛམ་གླིང་དང་སེམས་ཅན་གྱི་འགལ་ཟླ་བསལ་ནས། མཐར་ཐུག་ཡོངས་སུ་ཕུན་སུམ་ཚོགས་པར་སྨོན་པ།
ལས་འགན། ཞང་ཞུང་གི་བཀའ་འགྱུར་འཛམ་གླིང་གི་རིག་གནས་དང་མངོན་པར་འདྲེས་པར་བྱས་ནས། སེམས་ཅན་ཡོངས་ལ་ཕན་འདོགས་པར་བྱེད་པ།
རྩ་དོན། གནའ་བོའི་ཞང་ཞུང་གི་བཀའ་འགྱུར་རྒྱ་བསྒྱུར་དང་ཞིབ་འཇུག་ལས་གཞིར་གཞི་ཚུགས་ནས། རིག་གནས་ཀྱི་ཐུན་མོང་རང་བཞིན་དོན་དུ་གཉེར་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གོང་འཕེལ། མིའི་རིགས་ཀྱི་ཞི་བདེ་སོགས་ལ་སྐུལ་འདེད་གཏོང་བ།
དམིགས་འབེན།
༡༽ དུས་རབས་འདིའི་སྐྱེས་ཆེན་དམ་པ་རྣམས་དང་གནའ་བོའི་ཞང་ཞུང་རིག་གནས་ཀྱི་མཁས་དབང་ཡོངས་ཀྱི་སྙིང་བཅུད། ༢༠༣༠ལོའི་སྔོན་དུ་《ཞང་ཞུང་གི་བཀའ་འགྱུར》པོད་༡༧༨ཅན་རྒྱ་ཡིག་ཏུ་ཡོངས་སུ་བསྒྱུར་ཚར་བར་བྱ་རྒྱུ།
༢༽ ཞང་ཞུང་གི་བཀའ་འགྱུར་རྒྱ་ཡིག་ཏུ་ཕབ་སྒྱུར་གྱི་གོ་སྐབས་ལེགས་པོ་དང་བསྟུན་ནས། མཐོ་རིམ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ། མི་སྣ་གསོ་སྐྱོང་དང་ཞིབ་འཇུག་སོགས་མཉམ་དུ་འཕེལ་རྒྱས་འབྱུང་རྒྱུ་དང་། མི་སྣ་དེ་དག་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ལ་ཤིན་ཏུ་མཁས་པའི་ཚད་ལ་འཐོན་པར་བྱ་རྒྱུ།
༣༽གནའ་བོའི་ཞང་ཞུང་གི་རིག་གནས་ཐ་སྙད་འབོར་ཆེན་གྱི་དོན་འགྲེལ་སོགས་རྒྱ་སྐད་དུ་མེད་པའི་སྟོང་ཆ་བསྐངས་རྒྱུ།
༤༽གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ལས་བྱུང་བའི་ཐ་སྙད་སྐོར་གྱི་བོད་རྒྱ་ཚིག་མཛོད་ཆེན་མོ་ཞིག་རྩོམ་སྒྲིག་བྱ་རྒྱུ།
༥༽མུ་མཐུད་ནས་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་གྱི་རིག་ཚན་ཁག་གི་གྲུབ་འབྲས་ལ་ཞིབ་འཇུག་དང་སྔོག་འདོན་བྱ་རྒྱུ་དང་། སྤྱི་ཚོགས་ལ་གནའ་དཔེ་ལས་བྱུང་བའི་ཤེས་བྱ་མཐའ་དག་མཁོ་སྤྲོད་བྱས་ནས། རིག་གཞུང་ལས་རིགས་ཁག་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་དང་ཁྱབ་གདལ་གཏོང་བའི་དཔྱད་གཞི་བསྐྲུན་རྒྱུ།
༦༽ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འཛམ་གླིང་སྟེང་ཁྱབ་སྤེལ་གཏོང་རྒྱུ་ལ་བསྐུལ་འདེད་བྱས་ནས། རྒྱལ་ཁབ་ཕྱི་ནང་གིས་གནའ་བོའི་ཞང་ཞུང་གི་རིག་གནས་ཀྱི་གྲུབ་འབྲས་ལ་གོ་བ་ལེན་སྟངས་དང་། ཤེས་རྟོགས། ཉེར་སྤྱོད་སོགས་ཇེ་ཟབ་ཏུ་གཏོང་རྒྱུ་བཅས་སོ།།
གནའ་བོའི་ཞང་ཞུང་གི་བཀའ་འགྱུར་རྒྱ་བསྒྱུར་དང་ཞིབ་འཇུག་གི་རྣམ་གྲངས་དོན་ཆེན་ཁག
1. ༢༠༡༢ལོའི་ཟླ་༨པར་ཞང་ཞུང་སྒོ་པའི་ལྟེ་གནས་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་དཀར་གླིང་ངམ་ཁྱུང་པོ་རྩེ་དྲུག་དགོན་གྱིས་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་གྱི་ལས་གཞི་འགོ་བརྩམས།
2 .༢༠༡༣ལོའི་ཟླ་༧པའི་ཚེས་༢༠ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་གཙོ་གནད་ཅན། གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཕུག་འཚོལ་བའམ་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་གྱི་རྣམ་གྲངས་འགོ་འཛུགས་ཚོགས་འདུ་པེ་ཅིན་དུ་བསྡུས།
3.༢༠༡༣ལོའི་ཟླ་༡༠ཚེས་༡༣ཉིན། པེ་ཅིན་དུ་ཡོད་པའི་ཡིག་བསྒྱུར་ཁང་དུ་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་ཡིག་ཐོག་ཕབ་བསྒྱུར་རྣམ་གྲངས་དངོས་སུ་འགོ་བརྩམས།
4.༢༠༡༣ལོའི་ཟླ་༡༢ཚེས་༢༢ཉིན། གཡུང་དྲུང་ལས་དག་གི་རྒྱ་བསྒྱུར་མ་ལེགས་འགྲུབ་བྱུང་སྟེ་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་འགྱུར་རྣམས་གྲངས་ཀྱི་གྲུབ་འབྲས་ཐོག་མ་དངོས་སུ་ལས་ཐོན་བྱུང་།
5. ༢༠༡༤ལོའི་ཟླ་༧ཚེས་༢ཉིན། རྒྱལ་ཡོངས་མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་ཕྱོགས་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པ་དང་། ༢༠༡༤ལོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་གྱི་གྲས་སུ་དངོས་སུ་བཅུག
6. ༢༠༡༤ལོའི་ཟླ་༡༠ཚེས་༥ནས་༧བར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མཚན་ཉིད་རིག་པ་ཞིབ་འཇུག་ཁང་གིས་རྩ་འཛུག་བྱས་པའི་གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཕུག་འཚོལ་བ། ༢༠༡༤ལོར་ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རི་རྩེ་དྲུག་གམ་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་དཀར་གླིང་དུ་སྐྱོད་པའི་སྟོན་དུས་ཀྱི་རྟོགས་ཞིབ་ཚོགས་པ། ཆེད་དུ་བོད་ལྗོངས་ཆབ་མདོའི་རྩེ་དྲུག་དགོན་དུ་ཕེབས་ནས། དགོན་པས་ཉར་བའི་ཞང་ཞུང་རིག་གནས་ཤུལ་དངོས། དཔེ་རྙིང་གསུང་རབ་དང་། དེ་བཞིན་ད་བར་རྒྱུན་འཛིན་བྱས་པའི་སྒྱུ་རྩལ་དང་དམངས་སྲོལ་སོགས་ཀྱི་ཐད་ཞིབ་ཕྲའི་སྒོ་ནས་རྟོག་ཞིབ་དང་གཅིག་བསྡུས་ཀྱིས་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད།
7. ༢༠༡༤ལོའི་ཟླ་༡༡ཚེས་༡༤ཉིན་ཀྲུང་དབྱངས་དྲིལ་བསྒྲགས་པུའུ་ནས་《གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ》རྒྱ་བསྒྱུར་དང་ཞིབ་འཇུག་གི་ལས་གཞི། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་གྱི་གྲས་སུ་དངོས་སུ་བཅུག
8. ༢༠༡༥ལོའི་༦ཚེས་༥ཉིན། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན། 《གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ》རྒྱ་བསྒྱུར་དང་ཞིབ་འཇུག"གི་རྣམ་གྲངས་ཁ་བྱང་སྙན་ཞུའི་ཚོགས་འདུ་སྐོང་ཚོགས་ལེགས་སྒྲུབ་བྱུང་ཡོད། ༢༠༡༥ལོའི་ཟླ་༦ཚེས་༩ཉིན་རྣམ་གྲངས་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
9. ༢༠༡༥ལོའི་ཟླ་༥བར་རྣམ་གྲངས་ཚོགས་ཆུང་གིས་ཀྲུང་དབྱངས་རྩ་འཛུགས་པུའུ་ཡི་སྐབས་བདུན་པའི་བོད་སྐྱོར་ལས་བྱེད་པས་གདན་ཞུས་ལྟར་སླར་ཡང་བོད་ལྗོངས་སུ་ཕེབས་ཏེ། ལྷ་ས་ནས་ཁ་བྱང་ལ་བོད་ལྗོངས་ཀྱི་བསམ་བློ་རྒྱུད་འཛིན་དང་ཞང་ཞུང་གི་ཤེས་རིག་སླར་གསོ་བྱེད་པ། ཞེས་པའི་རིག་གཞུང་དཔྱད་བསྡུར་ཚོགས་འདུ་འཚོགས།
10. ༢༠༡༥ལོའི་ཟླ་༡༠བར། རྒྱལ་བའི་བཀའ་རིན་པོ་ཆེ་རྒྱ་བསྒྱུར་བའི་རྣམ་གྲངས་དེའི་བསྒྱུར་ལུགས་བརྟག་ཐབས་ཀྱི་ཞིབ་འཇུག་དུས་རིམ་གྱི་གཞུང་པོད་དྲུག་ཚང་མ་ལེགས་གྲུབ་བྱུང་ཡོད། དུས་རིམ་འདིར་གཞུང་པོད་དྲུག་བསྒྱུར་ཟིན་པ་མ་ཟད། ཞིབ་འཇུག་བྱས་ནས་མ་ཡིག་དཔེ་བསྡུར་གྱི་ཐབས་ལམ་དང་ཚད་གཞི་གཏན་འཁེལ་བྱས། ད་དུང་ཞང་ཞུང་གི་ཐ་སྙད་སྐོར་གཅིག་གསར་དུ་རྒྱ་ཡིག་ཏུ་བསྒྱུར་ཤིང་། དེས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲོད་ཞང་ཞུང་རིག་གནས་ཀྱི་ཐ་སྙད་ཁ་ཤས་ཀྱི་དོན་འབྲེལ་གྱི་སྟོང་ཆ་བསྐངས་པ་རེད།།
11. ༢༠༡༥ལོའི་ཟླ་༡༠ཚེས་༢ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མཚན་ཉིད་རིག་པའི་ཞིབ་འཇུག་ཁང་གིས་རྩ་འཛུགས་བྱས་པའི་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་དང་ཞིབ་འཇུག་གི་གལ་ཆེའི་ལས་གཞིའི་སྐོར་གྱི་མི་སྣ་ཁག་གཅིག་མངའ་རིས་ས་ཁུལ་ཏུ་ཕེབས་ཏེ། གནའ་བོའི་ཞང་ཞུང་ཤེས་རིག་ལ་ཞིབ་འཇུག་དང་རྒྱུས་མངའ་ལོན་པར་བྱས།
12. ༢༠༡༥ལོའི་ཟླ་༡༢ཚེས་༢༤ཉིན་འགོ་ཚུགས་ཏེ་མཁར་ནག་སྤྲུལ་སྐུ་རིན་པོ་ཆེ་༧སྐལ་བཟང་རྒྱ་མཚོ་གཙོས་ཡིག་སྒྱུར་ལོ་ཙཱ་བ་ཁག་གཅིག་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དྲུག་པའི་ནང་དངོས་སུ་ཞུགས་ནས་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་དང་ཞིབ་འཇུག་གི་ལས་གཞིའི་གོ་རིམ་སོགས་ལ་བགྲོ་གླེང་གནང་བ་མ་ཟད། སི་ཁྲོན་དང་། མཚོ་སྔོན། ལྷ་ས། གཞིས་ཀ་རྩེ་བཅས་ཀྱི་བོན་གྱི་གདན་ས་གལ་ཆེན་ཁག་ལ་བསྐྱོད་དེ། རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གཙོས། གྲྭ་ས་གོང་འོག་གི་མཁན་སློབ་དང་ཕྱོགས་ཀྱི་མཁས་དབང་མང་པོ་ཞིག་དང་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཞིག་གི་དྲུང་དུ་ཆེད་མངགས་མཇལ་བཅར་ཞུས་ནས། གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་གྱི་ལས་ཀའི་གོ་རིམ་དང་འཆར་གཞི་བཅས་སྙན་སྒྲོན་བྱས་པ་དང་། དེ་བཞིན་དཔེ་རྙིང་འཚོལ་བསྡུ་དང་། ལས་གཞི་རྣམ་གྲངས་ཐད་བསམ་བློའི་གོ་རྟོགས་བརྗེ་རེས་དང་སྙིགས་དོར་བཅུད་ལེན་གྱི་བྱ་ཐབས་གཞིར་བཟུང་ནས་གནད་ཡོད་མི་སྣ་རྣམས་ཀྱི་མཛུབ་སྟོན་དང་དགོངས་འཆར་བསྡུ་ལེན་བྱས་ཐོག་《གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ》རྒྱ་བསྒྱུར་དང་ཞིབ་འཇུག"གི་བྱ་བ་ལ་ཕྱོགས་ཡོངས་ནས་གདེངས་འཇོག་དང་རྒྱབ་སྐྱོར་གང་མང་གནང་བ་བརྒྱུད་མདུན་ལམ་ཇེ་ཡངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་རེད།