ཁྲོམ་ཚང་དགོན་དུ་བསྟན་འགྲོའི་ཞབས་རིམ་སྒྲུབ་པ།

[ཟླ་ཚེས། 2015-12-11 20:33:13][རྩོམ་པ་པོ། སྟོང་སྐོར་ཉི་གཞོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

     སངས་རྒྱས་བསྟན་པའི་ལས་དོན་ལ་ཐུགས་ཁུར་རབ་ཏུ་ཡངས་བའི་བསྟན་འཛིན་སྤྱི་དང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོར་གྱུར་པ་རྒྱལ་བ་སྨན་རིའི་མཁན་སློབ་གཙོས་པའི་བྲུ་ཞུ་སྤ་རྨེའུ་གཤེན་སོགས་ཀྱི་རྒྱུད་འཛིན་དམ་པ་རྣམས་ཀྱི་སྐུ་ཚེའི་བར་ཆད་བགེགས་དོན་ཐམས་ཅད་མིང་མེད་དུ་ཞི་ཕྱིར་དང་། ཡང་སྒོས་སུ་༧དཔལ་གཤེན་བསྟན་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་འདུས་སྡེ་ཡོངས་ཀྱི་བསྟན་དོན་ལ་འཚེ་བའི་གདོན་བགེགས་དུན་ཙེའི་རིགས་བྲུམ་ཁུངས་ཧོམ་ཞལ་ཆེན་པའི་ནང་དུ་ཐིམས་ཤིང་རིགས་དྲུག་འགྲོ་ཀུན་ཡོངས་ལ་འདི་ཕྱི་ཕན་བདེ་སྟོན་པའི་སླད་དུ།

2-1.jpg2-2.jpg

སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་བོད་ཟླ་དགུ་བའི་ཚེས་ཉེར་གཅིག་ནས་ཉིན་དགུའི་རིང་ཁྲོམ་ཚང་དགོན་གྱི་སེམས་དཔའ་འདུས་སྡེ་ཡོངས་ནས་དགོན་གྱི་རྒྱུན་འཚོགས་ཞི་བརྒྱ་ཁྲི་མཆོད་འཚོགས་ཤིང་ལྷ་སྡེའི་སྔགས་འཆང་རིག་པ་འཛིན་པའི་སྡེ་བརྒྱ་ཕྲག་ལྷག་གདན་འཛོམས་བྱུང་སྟེ། མཁའ་ཀློང་གསང་བའི་མདོས་ཆེན་གྱི་དཀྱིལ་འཁོར་འགྲོ་ཀུན་གསོས་སུ་ཞལ་ཕྱེས་གནང་བ་དང་གེ་ཁོད་གསང་བ་དྲག་ཆེན་གྱི་བསྲུང་བཟློག་བསད་གསུམ་སོགས་ལས་མཐའ་ཆ་ཚང་སྒྲུབ་གནང་བ། སྙིགས་མའི་རྒུད་པ་སེལ་མཛད་བླ་ཆེན་དྲན་པ་ཡབ་སྲས་གསུམ་གྱི་ཁྲི་ཚོགས། བོན་གྱི་བསྟན་སྲུང་གཙོ་བོ་མ་བདུད་བཙན་གསུམ་གྱི་ཁྲི་ཚོགས་ཕུལ་གནང་བ་སོགས་རིམ་གྲོ་རྒྱ་ཆེན་མཛད་པར་མ་ཟད།

1-2.jpg1-1.jpg

     མཐར་ཚེས་ཉེར་བདུན་ཉིན་དྲན་པའི་བཀའ་དབང་དང་མཁའ་ཀློང་མདོས་དབང་སོགས་གནང་ནས་ཚེས་ཉེར་དགུའི་ཉིན་གར་འཆམ་གཟབ་རྒྱས་གནང་བ་དང་བཟློག་འཕེན་བྱས་རྗེས་དགོང་མོར་ཁྱུང་བླ་སྟག་སེང་ངར་གྲགས་མཆོག་གཙོས་པའི་བླ་མ་རྣམས་ནས་གེ་ཁོད་གསང་བ་དྲག་ཆེན་གྱི་དབལ་ཆུ་བཀོལ་ནས་ཁྲོམ་ཚང་རྨ་རོང་སྤ་བརྡ་སོགས་ཀྱི་མི་དམངས་བརྒྱ་ཕྲག་བཞི་ལ་ཉེ་བའི་དད་ལྡན་ཚོགས་ལ་གདོན་དང་བར་ཆད་ཐམས་ཅད་ཚར་བཅད་ཅིང་གཡུང་དྲུང་བོན་གྱི་བྱིན་རླབས་སྔར་བས་ཀྱང་ཇེ་ཆེར་བཏོན་པའི་མཛད་འཕྲིན་རྒྱ་ཆེར་གནང་བའི་གནས་འཕྲིན་ཙམ་དུ་སྟོང་སྐོར་ཉི་གཞོན་གྱིས་སྤེལ་བ་དགེའོ།།

3-1.jpg3-1 (2).jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།