ཁྱུང་ཡུལ་སྤུ་རྒྱལ་རིག་སློབ་ཁང་དུ་ལོ་འཁོར་རྩོད་རྒྱུགས་གནས་ཚུལ།

[ཟླ་ཚེས། 2015-12-02 17:48:45][རྩོམ་པ་པོ། ཞུ་ཚང་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་ཡུལ་སྤུ་རྒྱལ་རིག་སློབ་ཁང་དུ་ཐེངས་བཞི་པའི་ལོ་འཁོར་རྩོད་རྒྱུགས་ཆེན་མོའི་གནས་ཚུལ་མདོར་བསྡུས།
1_副本.jpg

   འཛམ་གླིང་ས་ལྒང་ཡངས་པའི་ཐོག་ཏུ་འཚོ་སྡོད་བྱེད་པའི་འགྲོ་བ་མི་རིགས་ཕལ་མོ་ཆེ་རྣམས་ཀྱིས་དུས་དང་མཐུན་པའི་ཤེས་རིག་གི་ལམ་ཆེན་གང་ཞིག་ན་ཤར་སྐྱོད་ཀྱི་གོམ་སྟབས་ཕྱོགས་དང་ཕྱོགས་བཞིན་ཡོད་ལ། དེ་དང་དུས་མཚུངས་སུ་སྲིད་པའི་རི་བོ་ཧི་མ་ལ་ཡའི་ཉིན་སྲིབ་ཀུན་ཏུ་འཚོ་སྡོད་བྱེད་པའི་ཡུལ་ཁ་བ་གངས་ཅན་པའི་སྤུན་ཟླ་མིང་སྲིང་རྣམས་ཀྱིས་ཀྱང་སྲོལ་རྒྱུན་དང་གསར་དར་རིག་པ་གང་རུང་གི་སྒོ་ནས་སྔོན་ཐོན་གྱི་རུ་གྲལ་དུ་མིག་རྒྱང་བསྐྱེ་དང་བསྐྱེ་བཞིན་པའི་སྐབས་འདིར།

2_副本.jpg

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་སྐྱབས་རྗེ་༧མཁན་སློབ་རྣམ་གཉིས་གཙོས་པའི་བསྟན་པ་སྤྱི་ལ་ལྷག་བསམ་གྱི་འོད་མདངས་རབ་ཏུ་དཀར་བའི་མཁས་དབང་བླ་སྤྲུལ་མང་པོའི་ལམ་སྟོན་དང་བཀའ་མངག་ལྟར། རིག་པའི་གནས་ཀུན་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་མཁས་དབང་དགེ་བའི་བཤེས་གཉེན་རྣམས་ཀྱིས་མ་གྲོས་ཐུགས་སེམས་གཅིག་མཐུན་གྱི་སྒོ་ནས་གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་ལྷོ་ངོས། སྤ་ཟླ་དབང་ལྡན་ཞུ་ཚང་དགོན་དུ་<<སྤུ་རྒྱལ་རིག་སློབ་ཁང་>>ཞེས་པའི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་སྟེ།

3_副本.jpg

   དགེ་བཤེས་ཤེས་རབ་ཐབས་མཁས་དང་། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་གནང་བ་དང་། གཞན་ཡང་ཁུལ་དེའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་སློབ་ཁྲིད་སོགས་ཀྱིས་མཐུན་རྐྱེན་གནང་སྟེ། ན་གཞོན་སློབ་གཉེར་བ་རྣམས་ཀྱིས་བོད་ཀྱི་རིག་པའི་གནས་ཀུན་དང་། ཁྱད་པར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་སོགས་གཞུང་ཆེན་ཁག་མང་པོར་འཆད་རྩོད་རྩོམ་གསུམ་གང་རིགས་ཀྱི་ཐོག་ནས་ཐོས་བསམ་གྱི་ཕྱག་ལས་ལ་འབད་བཞིན་དུ་གནས་ཡོད་ལ། ད་ལོའི་སྤྱི་ཟླ་༡༡པའི་ཚེས་༢༩ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ལྔ་པའི་ཐོག་ཏུ་རང་དགོན་གྱི་ཚོགས་ཁང་ཆེན་མོའི་ནང་དུ་བཤད་སྒྲུབ་འདུས་སྡེའི་རྒན་སློབ་ལྷན་བཞུགས་ཐོག <<ཐེངས་བཞི་པའི་ལོ་འཁོར་རྩོད་རྒྱུགས་ཆེན་མོ>>འི་མཛད་སྒོ་ཟབ་རྒྱས་ངང་ཚོགས་པ་དང་།

4_副本.jpg

   བཤད་སྒྲུབ་འདུས་སྡེའི་དགེ་རྒན་ཆེན་མོ་དགེ་བཤེས་རྒྱལ་བསྟན་མཆོག་གསལ་མཆོག་ནས་རྒྱུགས་སྤྲོད་དབུ་འཛིན་གནང་ཐོག དཔྱད་འདེམས་པ་ཞུ་དགོན་སྨིན་གྲོལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་དང་། དགེ་བཤེས་བསྟན་འཛིན་དགེ་ལེགས་རྣམ་གཉིས་ཀྱིས་མཐའ་མཇུག་གི་དཔྱད་འདེམས་ཐོབ་སྐར་གནང་ནས།

5_副本.jpg

   འཛིན་གྲྭ་གོང་འོག་ལྟར་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་སྦྱང་ཚན་གཞུང་ཁག་སོ་སོ་ནས་ལུང་རིགས་ཟུང་འབྲེལ་གྱི་ལྷན་དུ་རིགས་པའི་འཕྲུལ་འཁོར་གང་ལེགས་བསྐོར་ཏེ་དགོང་མོའི་ཕྱག་ཚོད་བཅུ་པའི་ཐོག་ཏུ་རྒྱུགས་སྤྲོད་ཀྱི་རྣམ་མཇུག་བསྡུ་བར་བྱས།

6_副本.jpg

   སླར་ཡང་དེ་རིང་སྟེ་སྤྱི་ཟླ་༡༢ཚེས་༡ཉིན་གྱི་ཉིན་གུང་ཕྱག་ཚོད་དང་པོའི་ཐོག་ཏུ་ཐེངས་འདིའི་རྩོད་རྒྱུགས་ཆེན་མོའི་རྒྱུགས་འབྲས་རྩེར་ཕུད་སློབ་མ་བཅུ་གསུམ་ལ་ཕུལ་བྱུང་གི་བྱ་དགའི་གཟེངས་བསྟོད་དང་།

 7_副本.jpg

   མགུལ་དར་བསྒྲོན་ཏེ་དགེ་རྒན་རྣམ་པ་གསུམ་ནས་མཛད་སྒོ་དང་འབྲེལ་བའི་གསུངས་བཤད་ཟབ་རྒྱས་གནང་བ་དང་། མཐར་གཙུག་ལག་ཁང་གི་མདུན་དུ་དགེ་སློབ་ལྷན་འཛོམ་ཐོག་དྲན་རྟེན་གྱི་སྐུ་པར་བསྒྲོན་ནས་བསྟན་འབར་སྨོན་གསུངས་རྗེས་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

8_副本.jpg

ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས་སྤེལ། ༢༠༡༥ཟླ་༡༢ཚེས་༡ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།