གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ།
[ཟླ་ཚེས། 2015-11-24 20:44:21][རྩོམ་པ་པོ། རྟོགས་ལྡན་བཤད་སྒྲུབ་དར་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་བོན་གྱི་མཁས་པའི་འབྱུང་གནས་ཤར་རྒྱལ་མོ་རོང་གཡུང་དྲུང་ལྷ་སྟེང་དགོན་ཆེན་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་༼༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ ༽༽ལོ་རེ་བཞིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་གཡུང་དྲུང་ལྷ་སྟེང་དགོན་དུ། ཆུ་ཆེན་རྫོང་དང་། རོང་བྲག་རྫོང་། བཙན་ལྷ་རྫོང་། འབར་ཁམས་ཕྱོགས་ཀྱི་བོན་འབངས་ལྷ་སྡེ་ཀུན་འདུས་ཏེ་འཚོགས་བཞིན་ཡོད་པ་ལྟར།
ད་ལོ་རྒྱལ་རོང་བོན་འབངས་ཡོངས་དང་དམིགས་བསལ་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་མཁན་རབས་དོན་བརྒྱད་པ་མཁན་པོ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་ཁོང་རིན་པོ་ཆེ་དང་བོན་འབྲེལ་ཡོད་པའི་རྒྱ་ནག་གྲོང་ཁྱེར་༼༼新疆、河南、广东、山东、北京、成都、甘肃等……༽༽ དང་དེ་དག་ནས་ཡོང་བའི་རྒྱ་རིགས་སློབ་མ་བརྒྱ་ཕྲག་ལྷག་མཉམ་ཞུགས་ཐོག་ཟབ་རྒྱས་སུ་ཉིན་གྲངས་གསུམ་གྱི་རིང་ཚོགས་ཡོད་པ་དང་།
དེའི་སྐབས་སུ་རང་ཅག་བོན་འབངས་ཡོངས་ཀྱི་སྐྱབས་མགོན་རྒྱལ་བ་གཤེན་ཚང་ཡབ་སྲས་དང་༧་དཔལ་ལྡན་རྒྱལ་བ་སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། སྨན་རིའི་དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་དེ་དག་གི་ཐུགས་དགོངས་ཡིད་བཞིན་དུ་འགྲུབ་པ་དང་སྐུ་ཚེ་ཡུན་ཏུ་བརྟན་ཏེ་འགྲོ་བ་སེམས་ཅན་མཐའ་དག་ལ་འབྱུང་བཞིའི་གནོད་ཚེ་སོགས་མི་འབྱུང་ཕྱིར།
ཚོགས་ཆེན་འདུ་ཁང་ནང་དུ་བླ་གྲྭ་འདུས་པ་རྒྱ་མཚོས་ཀུན་རིག་རིན་ཆེན་སྒྲོན་མའི་སྒྲུབ་ཆོག་གསུངས་པ་དང་། ལྷ་སྡེ་མི་མང་རྣམས་ལ་རྒྱལ་རོང་ལྷ་སྟེང་མཁན་རབས་དོན་བརྒྱད་པ་མཁན་པོ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེ་མཆོག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་སྐུ་གསུམ་གྱི་སྙིང་པོའི་ཕན་ཡོན་སོགས་ངོ་སྤྲོད་གནང་ནས་སྙིང་པོ་རྣམ་གསུམ་སོགས་བསགས་ནས་རྣམ་དཀར་དགེ་བའི་ལས་ལ་འབད།
མཐར་བསྟན་སྲུང་མ་མཆོག་སྲིད་པའི་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ་དང་། དུས་ཆེན་གྱི་གར་འཆམ་སོགས་གཞན་ལྷ་སྡེ་མང་ཚོགས་ཀྱིས་གནའ་བོའི་ཞང་ཞུང་དང་འབྲེལ་བ་དམ་ཟབ་ཡོད་པའི་མཚོན་རྟགས་སུ་ཞང་ཞུང་གི་ཤོན་དང་གླུ་གར་ལ་རོལ། གཞན་རྒྱ་ནག་ནས་ཡོང་བའི་སློབ་མ་ཁག་གཅིག་གིས་ཀྱང་གླུ་དང་གཞས་སྣ་འཁྲབ་སྟོན་བྱས།
མཐར་དྲུང་མུ་ཧ་རའི་སྤྲུལ་སྐུ་ད་ལྟའི་ཤར་རྒྱལ་མོ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་མཁན་རབས་དོན་བརྒྱད་པ་མཁན་པོ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེས་མཐའ་མཇུག་གི་གསུང་བཤད་གནང་སྐབས་སུ་དུས་ཆེན་འདི་དང་འབྲེལ་བའི་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་གྲྭ་ཚང་དང་ལྷ་སྡེ་མི་མང་ཡོངས་ལ་ངས་འདི་ནས་ཞུ་རྒྱུར། འུ་ཅག་དགེ་སློབ་ལྷན་འཛོམས་ཐོག་༼༼ གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ ༽༽འདི་གཟབ་རྒྱས་ངང་ཚོགས་ཐུབ་པ་འདི་འུ་ཅག་གི་བསོད་ནམས་རེད་ལ་ཚོགས་བསགས་ཀྱང་རེད།
དེའི་ཕྱིར་ངས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་སྤྱི་དགོན་གཡུང་དྲུང་ལྷ་སྟེང་དགོན་པའི་བླ་མ་གྲྭ་ཚང་དང་ལྷ་སྡེ་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་འདི་ལྟ་བུའི་༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ༽འདི་མི་ཉམས་རྒྱུད་འཛིན་དང་ལོ་ལྟར་འཚོགས་ཐུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས་པ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས།
ད་ལོའི་༼༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ ༽༽ བདེ་ལེགས་ངང་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ་ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་རྟོགས་ལྡན་བཤད་སྒྲུབ་དར་རྒྱས་ཀྱིས་སྤྱི་ལོ་༢༠༡༥ཟླ་༡༡་ཚེས་༡༨་ཉིན་སྤེལ་བའོ།།