སྦྲ་ཆེན་གསང་གཞུང་ལུང་པར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱའི་ཞབས་རིམ་བསྒྲུབ་པ།

[ཟླ་ཚེས། 2015-11-15 19:26:49][རྩོམ་པ་པོ། ཀུན་ཕན་སྤྱི་རིམ་དགེ་སྒྲུབ་ཞབས་ཞུ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༼ སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པའི་སྐོར་ལས། ༽སྦྲ་ཆེན་གསང་གཞུང་ལུང་པར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱའི་ཞབས་རིམ་བསྒྲུབས་པ།

6.jpg

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་ནས་བསྟན་དང་འགྲོ་བའི་དཔལ་དུ་གསང་གསུམ་གྱི་མཛད་འཕྲིན་རབ་ཏུ་རྒྱས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སུ་འགྲོ་བའི་བདེ་སྐྱིད། ཁྱད་པར་དུ་རང་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞིང་། བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ལྔ་བདོའི་༧སྐྱབས་གཅིག་རྒྱལ་བ་མཉམ་མེད་ཆེན་པོའི་རང་གཟུགས་འཁྲུལ་བ་མེད་པ་དང་། བསྟན་འགྲོའི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་གཉིས་དངོས་སུ་བྱོན་པ་ལྟ་བུའི་༧དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་ཟུང་གིས་ལྔ་སྙིགས་དུས་ཀྱི་གཉན་འཕྲང་ནང་རྒྱལ་གཤེན་བསྟན་པའི་ཉི་མ་ནུབ་རིར་ཡལ་ལ་ཉེ་བའི་སྐབས་དེར་དུས་ཀྱི་སྟོན་པ་ཉི་ཟླ་ཟུང་འབྲེལ་གྱི་ངོ་བོར་བཞེངས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་འོད་སྣང་གསར་པའི་ཕོ་ཉ་མཛད་ཅིང་རྒྱ་གར་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དང་བལ་ཡུལ་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་དགོན་གཉིས་སུ་བཤད་སྒྲུབ་བསྟན་པའི་ལྗོན་བཟང་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པར་མཛད།

1_副本.jpg

   དེ་བཞིན་ད་ཆར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་མཁའ་ལ་སྒྲེང་བཞིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བགྲང་ལས་འདས་པས་འཛམ་གླིང་ཤར་ནུབ་གང་སར་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་མཛད་འཕྲིན་གནང་བཞིན་པ་དང་། རྒྱ་ཆེའི་བོན་འབངས་ཡོངས་ལ་བདེ་སྐྱིད་དབུགས་འབྱུང་གི་བསྐལ་པ་ཐོབ་པའང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་སྨྲོས་ག་ལ་དགོས། དེས་ན་བཀའ་དྲིན་ངོ་ཤེས་དང་རྗེས་དྲན་གྱི་ཚུལ་དུ་ད་ལམ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པས་འཛམ་གླིང་ས་ཕྱོགས་གང་སར་འདི་ལོར་འཛམ་གླིང་ཡུལ་གྲུ་གང་སར་བོན་འབངས་ཡོངས་ཀྱིས་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱའི་ཞབས་རིམ་གང་འགྲུབ་ཕྱོགས་ཀུན་ནས་བསྒྲུབ་དགོས་པའི་འཛམ་གླིང་སྤྱི་བསྒྲགས་གནང་དོན་བཞིན།

 2.jpg

   ད་ལན་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་ཐུགས་འགན་གཙོ་བོར་བཞེས་ཏེ་གངས་ལྗོངས་སྦྲ་ཆེན་རྫོང་། གསང་གཞུང་ལུང་པར་འགོ་པ་ཉེ་འབྲེལ་དང་དད་སྦྱིན་ཁག་གཙོས་བོན་གྱི་སྤྱི་རིམ་ཆེན་མོ་ཞེས། ༢༠༡༥ལོའི་སྤྱི་ཟླ་བཅུ་པའི་ཚེས་བཅུ་ནས་སྤྱི་རིམ་གྱི་ལས་འགོ་བརྩམས་པ་ནས་བཟུང་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བར་ཟླ་བ་གཅིག་རིང་། དང་ཐོག་ཤི་དགེ་གསོན་རིམ་སྤྱི་ལ་དམིགས་པའི་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་ཡར་མཆོད་མར་སྦྱིན་གྲངས་སྟོང་ཕྲག་གཉིས་དང་། དེ་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྦྱིན་རྒྱས་འབུལ།

3.jpg

    དེ་རྗེས་ཞང་ཞུང་དྲན་པའི་རྣམ་རོལ་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་ཕྱའི་ཞབས་རིམ་ཞང་ཞུང་བོན་སྐོར་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གེ་ཁོད་ཀྱི་ཚོགས་བརྒྱ་དང་སྲུང་ཟློག་ལས་མཐའ་ཆ་ཚང་དང་། སྐྱབས་རྗེ་ཁྲི་འཛིན་ཁྲི་འཛིན་རིན་པོ་ཆེའི་ཐུགས་དམ་ཕུར་པ་འབྲུག་གསས་ཆེམས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཕུར་པའི་ཚོགས་བརྒྱ་དང་སྲུང་ཟློག་དབང་སོགས་དང་།

4.jpg

   དེ་བཞིན་ལྷ་བླའི་ལུང་བརྟག་དང་གལ་ཆེའི་དགོས་དམིགས་ལ་བརྟེན་ཏེ་བོན་གྱི་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ་དྲིལ་དམར་ནག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་སྲིད་རྒྱལ་འབུམ་ཚོགས་བཅས་ཉིན་སུམ་ཅུའི་རིང་ཚོགས་མཆོད་ཀྱི་མཆོད་པ་ཕུན་སུམ་འཚོགས་པོ་དང་ལྷག་པར་དུ་བསོད་ནམས་ཚོགས་བསགས་ཀྱི་རྟེན་དུ་ཚོགས་དང་ཚོགས་རྫས་རྣམས་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ་སྲོལ་ངན་རྒྱུན་འཇགས་ཀྱི་དབང་དུ་མ་སོང་བར་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཚོགས་མཆོད་རྒྱས་འབུལ་ཞུས་ཤིང་ཉིན་ལྟར་སྒྲུབ་གཤེན་ལས་བྱའི་མི་སྣ་ཉིན་རེར་མང་དུས་མི་གྲངས་བརྒྱ་དང་དྲུག་ཅུ་ཙམ་དང་ཉུང་དུས་བདུན་ཅུ་ཙམ་གྱིས་ཟླ་བ་གཅིག་རིང་ཚང་མས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་འཛེམས་པར་ཚང་མས་བསྟན་དོན་སྤྱི་ལ་དམིགས་པའི་ཞབས་བརྟན་རྒྱ་ཆེར་བསྒྲུབ་ལ།

5.jpg

   དེ་ནས་སྤྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བོན་གྱི་སྤྱི་རིམ་ཆེན་མོའི་སྐབས་སུ་མཆོད་འབྲེལ་གནང་མཁན་མི་སྣ་ལྔ་བརྒྱ་ཡས་མས་དང་དེ་བཞིན་རྒྱ་ཆེའི་དད་ལྡན་མང་ཚོགས་ཁྲི་ཕྲག་ལྷག་ལ་ཡི་དམ་ཕུར་པའི་བཀའ་དབང་ཟབ་མོ་བསྩལ་ཞིང་ཁྱད་པར་དད་ལྡན་ཀུན་ལ་གཡུང་དྲུང་བོན་གྱི་འདུས་དོན་འཇུག་སྒོ་རྣམ་གསུམ་གྱི་སྐོར་དང་། རྒྱལ་ཁམས་ཞི་བདེ་དང་ཡུལ་ལུང་འཆམ་མཐུན་མཉམ་གནས་སོགས་ཕན་ཚུན་མཐུན་འབྲེལ་དམ་ཚིག་གོང་བུ་གཅིག་སྒྲིལ་དགོས་ཚུལ་གྱི་དབང་བཤད་བཀའ་སློབ་ཟབ་རྒྱས་གནང་།

8.jpg

    དེ་ནས་ཕྱི་དྲོར་ཐེངས་འདིའི་བོན་གྱི་སྤྱི་རིམ་ཆེན་མོའི་སྐབས་སུ་མཆོད་འབྲེལ་གནང་མཁན་མི་སྣ་ལྔ་བརྒྱ་ཙམ་ལ་སྤྱི་རིམ་ཆེན་མོའི་དྲན་རྟེན་དང་བྱིན་རླབས་ཐུགས་རྗེ་ལེགས་འབུལ་གྱི་དར་སོགས་གནང་སྟེ་དྲན་རྟེན་གྱི་སྐུ་དཔར་སོགས་སྒྲོན། དེ་རྗེས་དད་ལྡན་མང་ཚོགས་ཀུན་ལ་ཡི་དམ་ཕུར་པའི་ཟློག་ཁྲུས་དང་མང་ཚོགས་ཚང་མར་གསོལ་སྟོན་རྒྱ་ཆེར་བཤམས། དེ་ནས་ཚེས་དགུ་དང་བཅུ་ལ་བཀྲ་ཤིས་སྨོན་ལམ་དང་།

7.jpg

   ད་ལན་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་སྐུ་ཚེ་ཧྲིལ་པོར་བསྟན་པ་དར་ཞིང་རྒྱས་པ་དང་། བོན་འབངས་རྣམས་མ་ཡིས་བུ་ཕྲུག་སྐྱོང་བ་བཞིན་ཟད་མེད་བོན་གྱི་ལེགས་སྐྱེས་ཕུལ་བའི་བཀའ་དྲིན་རྗེས་དྲན་དང་། རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་པད་མི་ཤིག་གཡུང་དྲུང་གི་ཁྲི་ལ་རྟག་ཏུ་བརྟན་པར་བཞུགས་ཕྱིར་ཐེངས་འདིའི་སྐུ་ཕྱའི་ཞབས་རིམ་གྱི་མཛད་སྒོའི་དབུ་གཞུང་མཇུག་གསུམ་ཁ་དགེ་བཀྲ་ཤིས་དང་བྱ་བ་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་ཐེངས་འདིའི་འགན་ཁུར་མི་སྣ་དང་སྤུན་མཆེད་ཉེ་འབྲེལ་དགའ་འདྲིས་གྲོགས་གསུམ་གྱི་མི་སྣ་ཀུན་ལྷན་འཛོམས་སྤྲོ་སྐྱིད་དང་རྣམ་པ་ལྷན་རྒྱས་ཚང་མ་ཡང་ཡང་འཛོམས་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཀྱིས་མཐར་བརྒྱན་པའི་གནས་ཚུལ་མདོར་བསྡུས་པའོ། །

འགོ་པའི་ཉེ་འབྲེལ་གཙོས་ཀུན་ཕན་སྤྱི་རིམ་དགེ་སྒྲུབ་ཞབས་ཞུ་ཁང་ནས་བྲིས།

༼ རྒྱལ་ཕྱི་ནང་གི་ཕྱོགས་ཀྱི་དགོན་སྡེ་ཁག་དང་ཚོགས་པ་དེ་བཞིན་དད་ལྡན་དམངས་ཚོགས་བཅས་ནས་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱྭའི་ཞབས་བརྟན་བསྒྲུབས་པའི་གནས་ཚུལ་རྣམས་ནས་ངེད་ཚོ་ལ་བསྐུར་དང་ང་ཚོས་རིམ་བཞིན་ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་འགོད་རྩིས་ཡིན་ལགས། ༽

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།