ཞང་ངུ་སྐྱང་ནག་བླ་མའི་གདན་ས་མདོ་སྔགས་བསྟན་རྒྱས་གླིང་བསྐྱར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ་བ།
[ཟླ་ཚེས། 2015-10-10 18:31:13][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་ཟིང་ཆུ་ཞང་ངུ་ཁོག་རེ་ཝོ་བླ་མ་སྐྱང་ནག་ཚང་གི་གདན་ས་མདོ་སྔགས་བསྟན་རྒྱས་གླིང་བསྐྱར་བཞེངས་ཀྱི་རབ་གནས་མཛད་སྒོ་སྤེལ་བ།
༧ སྐྱང་བླ་ཨ་བོ་ལྷ་འབུམ་རིན་པོ་ཆེ་དང་དུང་རི་སྤྲུལ་སྐུ་རྣམ་གཉིས་ནས་རེ་ཝོ་གསས་ཁང་སྒོ་འབྱེད་གནང་བཞིན་པ།
དད་ལྡན་དམངས་ཚོགས་ཀྱིས་དུང་རིའི་སྤྲུལ་སྐུ་གཙོས་པའི་བླ་གྲྭ་ཁག་ལ་མཇལ་ཁ་ཞུ་བཞིན་པ།
སྤྱི་ཟླ་བཅུ་བའི་ཚེས་དྲུག་ཉིན་མདོ་སྨད་ཟིང་ཆུ་རྫོང་ཞང་ངུ་ཁོག་གམ་ཞང་ཞུང་ཁོག་གི་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་སྐྱང་འཕགས་ཀྱི་གདུང་འཛིན་༧སྐྱང་ནག་བླ་མ་མཆོག་གི་གདན་ས་རེ་ཝོ་གསས་ཁང་མདོ་སྔགས་བསྟན་རྒྱས་གླིང་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ།
དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན།
དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་༼སྐུ་ན་ཆུང་དུས་སྐྱང་ནག་སྤྲུལ་སྐུར་ངོས་འཛིན་གནང་།༽ལགས་ཀྱིས་སྐུ་ཚེགས་དཀའ་ངལ་དང་དུ་བླངས་ཏེ་བསྐྱར་བཞེངས་གནང་བ་དང་། རབ་གནས་མཛད་སྒོའི་སྟེང་དུ་དུང་རིའི་སྤྲུལ་སྐུ་དང་སྐྱང་ཚང་དགོན་པའི་དེ་སྔའི་དབུ་བླ་ཨ་བོ་ལྷ་འབུམ་རིན་པོ་ཆེ་གཙོས་པའི་བླ་གྲྭ་བཅུ་ཕྲག་འགའ་དང་དད་ལྡན་དམངས་ཚོགས་བརྒྱ་ཕྲག་དུ་མ། དེ་བཞིན་རྒྱ་ནག་གི་ཞིང་ཆེན་དུ་མ་ནས་ཕེབས་པའི་རྒྱ་རིགས་དད་ལྡན་དམངས་ཚོགས་སུམ་ཅུ་ལྷག་ཕེབས་པ་རེད།
དད་ལྡན་དམངས་ཚོགས་ཀྱིས་རླུང་རྟ་གསོལ་བཞིན་པ།
བསྐྱར་བཞེངས་མ་གནང་གོང་གི་རེ་ཝོ་གསས་ཁང་ཤུལ།
བསྐྱར་བཞེངས་གནང་བཞིན་པའི་རེ་ཝོ་གསས་ཁང་།
བསྐྱར་བཞེངས་གནང་ཚར་རྗེས་ཀྱི་རེ་ཝོ་བླ་མ་སྐྱང་ནག་ཚང་གི་གདན་ས་མདོ་སྔགས་བསྟན་རྒྱས་གླིང་།
ཞང་ངུ་སྐྱང་ནག་རེ་ཝོ་གསས་ཁང་།
རྔ་བ་ཁུལ་ཟིང་ཆུ་རྫོང་ཞང་ངུའི་ཁོག་ཏུ་གནས། རྫོང་ནས་སྤྱི་ལེ་༧༠ཡས་མས་མཚམས་སུ་ཡོད། དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་སྐྱང་འཕགས་ཉི་མ་འོད་ཟེར་མཆོག་དགུང་ལོ་ཉེར་བཞིའི་སྟེང་མདོ་སྨད་ཟིང་ཆུའི་ཁོག་ལ་འགྲོ་དོན་དུ་ཕེབས། དེ་ནས་ཁོང་གི་སྐུ་སྲས་ཐོག་རྒོད་ནམ་མཁའ་རྒྱལ་མཚན་མཆོག་ཟིང་ཆུའི་ཞང་ངུའམ་ཞང་ཞུང་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་མཛད་དེ་སྐྱང་ནག་གདན་ས་ཐོག་མར་གཞི་གདིངས། དེ་ནས་ཁོང་གི་གདུང་རྒྱུད་རིམ་བྱོན་གྱིས་གདན་ས་བསྐྱངས་ནས་ཡུལ་ལུང་འདིར་འགྲོ་དོན་མཛད་དེ་གདུང་རབས་རིམ་བྱོན་ལ་སྐྱང་ནག་ཚང་ཞེས་པའི་མིང་དུ་གྲགས། བླ་མ་སྐྱང་ནག་ཚང་གི་རྟེན་གསུམ་རྣམ་བཤད་ནང་དུ་གསལ། རིག་གསར་སྔོན་གྱི་བར་དུ་སྐྱང་ནག་བླ་མ་རིམ་བྱོན་གྱིས་གནས་འདིར་སྒྲུབ་པ་ཉམས་ལེན་མཛད་དེ་བཞུགས། རིག་གསར་སྐབས་སུ་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་གཏོར་རླགས་ཚབས་ཆེན་བྱུང་སྟེ་བསྐྱར་གསོ་མ་ཐུབ། ད་ལྟ་བླ་མ་སྐྱང་ནག་ཚང་གི་གདན་ས་འདི་ཉིད་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་༼ཆུང་དུས་སྐྱང་ནག་ཚང་གི་སྤྲུལ་སྐུ་ངོས་འཛིན་གནང་འདུག༽རིན་པོ་ཆེས་བསྐྱར་བཞེངས་ཀྱི་གཙོ་འགན་བཞེས་ཏེ་གསས་ཁང་གཙོས་པའི་ཕྱི་ནང་གི་རྟེན་རྣམས་བཞེངས་གྲུབ་བྱུང་ཡོད།