༼རྒྱལ་གཤེན་བོན་སྒྲ་༽དྲ་བ་ཤར་གཏོང་གནང་བ།

[ཟླ་ཚེས། 2015-10-01 10:30:45][རྩོམ་པ་པོ། དྲ་བའི་དོ་དམ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

333.jpg
རྒྱལ་གཤེན་བོན་སྒྲའི་དྲ་གནས། http://www.gyalshenbondra.com/

   དེ་རིང་སྟེ་སྤྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་ཞོགས་པ་ཉི་ཤར་འབྲུག་དང་འགྲོགས་ཏེ་«རྒྱལ་གཤེན་བོན་སྒྲ་»ཞེས་ཞང་བོད་ཀྱི་རྩོམ་རིག་དྲ་མཛོད་ཅིག་སྒོ་འབྱེད་གནང་ཡོད་ཅིང་། རྩོམ་སྒྲིག་པས་གསུངས་པར་གཞིག་ན་རྒྱལ་གཤེན་བོན་སྒྲས་ཆེས་བྲེལ་ཟིང་ཆེ་བའི་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཨུ་ཚུགས་ཀྱིས་གོམ་པ་སྤོས་ཏེ་རྐང་རྗེས་བཞག་ཡོད་ཅིང་། གློ་སྙིང་བྲང་གསུམ་གྱི་ཟབ་སར་བསྙལ་བའི་མ་འོངས་པའི་དམིགས་ཡུལ་མང་པོ་ཞིག་རྟོག་སད་ཀྱི་ཀློང་ནས་རྨི་ལམ་མངོན་དུ་གྱུར་ཏེ་ཀློག་མཁན་རྣམས་ལ་མཆོད་པར་བཤམས་ཡོད་གསུངས། །

༼ཧི་མ་ལ་ཡའི་བོན་༽དྲ་བའི་གཙོ་སྒྲུབ་པ་ཡོངས་ཀྱིས་༼རྒྱལ་གཤེན་བོན་སྒྲ་༽དྲ་བའི་གཙོ་སྒྲུབ་པ་ཡོངས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

 

«རྒྱལ་གཤེན་བོན་སྒྲ»འི་རྐང་རྗེས་དང་དམིགས་ཡུལ།

    འདི་ག་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་རིག་བཅུའི་ར་བ་ནས་འཕུར་བའི་དུས་རབས་གསར་པའི་ཕོ་ཉའམ་རྒྱལ་གཤེན་བོན་སྒྲའི་ངོས་ནས་ལོ་གཅིག་དང་ཕྱེད་ཀྱི་རིང་ཕྱིའི་རྒྱལ་ཁབ་ནང་ཁ་འཐོར་དུ་གནས་པའི་བོན་འབངས་རྣམས་ལ་བོན་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུ་གཙོ་བོར་བཟུང་སྟེ་སྐད་འཕྲིན་སོགས་དྲ་ལམ་བརྒྱུད་བོད་ཕྱི་ནང་གི་མཁས་པ་རྣམས་གདན་དྲངས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རབས་དང་། ཞང་བོད་བཙན་པོའི་རྒྱལ་རབས་ལོ་རྒྱུས། གནའ་དེང་མཁས་པའི་རྟོགས་བརྗོད་རྣམ་ཐར། སྔོན་འགྲོ་དངོས་གཞི་ཉམས་ལེན་སྐྱོང་ཚུལ། མདོར་ན་བོན་དང་འབྲེལ་བའི་བརྗོད་གཞི་སྣ་འཛོམས་ཐོག་གསུང་བཤད་གོ་སྒྲིག་རབས་དང་རིམ་པར་ཞུས།

ཕྱོགས་གཅིག་ནས་བཤད་ན་ཚོགས་ཞུགས་བོན་འབངས་རྣམས་ས་གནས་གང་དུ་ཡོད་ཀྱང་རུང་རང་རང་གི་དཔྲལ་བར་སྔོན་བསགས་ལས་ཀྱིས་བརྐོས་པའི་ཡིག་འབྲུ་”བོན་པོ་”ཞེས་པ་མི་འདོར་བའི་ཆེད་དང་། ཡང་སྒོས་སུ་ད་ལྟའི་སྤྱི་ཚོགས་ཁྲོད་”ང་བོན་པོ་ཡིན་”ཞེས་ངག་གིས་བརྗོད་པ་ཙམ་གྱིས་མི་ཆོག་པར་ལྷག་བསམ་དང་སེམས་ཀྱི་སྟོབས་ཤུགས་དེ་ཉིད་དུས་རབས་དང་འཚམས་པའི་ཤེས་ཡོན་དང་སྦྲེལ་ཏེ་མི་རིགས་དང་སྤྱི་ཚོགས་བར། ཆོས་ལུགས་དང་གྲུབ་མཐའི་དབར་བཅས་ལ་དཔུང་བ་མཉམ་དུ་གཤིབ་པར་སོ་སོར་འགན་འཁྲི་ཅི་ཞིག་ཡོད་པ་ངོ་སྤྲོད་དང་གསལ་འདེབས་ཆེད་རྒྱལ་གཤེན་བོན་སྒྲས་ལོ་ཟླའི་འཕྲང་ལམ་རིང་མོར་གོམ་ཁ་ཨུ་ཚུགས་ཀྱིས་སྤོས་པར་ཕན་འབྲས་གང་འཚམས་བྱུང་བའི་ཚོར་བ་སྐྱེས།

   གཙོ་བོ་ནུབ་ཕྱོགས་སུ་གནས་པའི་བོད་མི་མ་ཏྲི་ཡིག་བརྒྱད་ངག་ལ་བྱང་བ་ཚོར་དམིགས་ཏེ་⟪རྒྱལ་གཤེན་བོན་སྒྲ་⟫ཞེས་པའི་མིང་ཐོག་ནས་རྒྱུན་མཁོའི་ཤེས་ཡོན་སྐོར་གྱི་དུས་དེབ་ཅིག་འགྲེམས་སྤེལ་ཞུ་རྒྱུའི་གྲ་སྒྲིག་བྱས་ཡོད་ན་ཡང་། དུས་རབས་ཀྱི་འགྱུར་འགྲོས་སམ་གློག་རྡུལ་སྤྱོད་བདེའི་འོད་རླབས་དང་བསྟུན་ཏེ་ད་ཆར་⟪རྒྱལ་གཤེན་བོན་སྒྲ་⟫ཞེས་པའི་བོད་ཡིག་རྩོམ་རིག་དྲ་མཛོད་འདི་ལྟ་བུ་སྤེལ་ན་ཤར་ནུབ་རྒྱལ་ཁབ་ཀུན་ཏུ་གནས་པའི་བོན་པོ་རྣམས་གཙོས་བོད་མི་ཧ་ཅང་མང་པོ་ཞིག་ལ་བོན་གྱི་ལྟ་བ་དང་གྲུབ་མཐའ་དངོས་གང་ཡིན་ངོ་སྤྲོད་བྱ་བར་ཕན་ཐོག་ཆེ་བར་བསམ་སྟེ་ངེད་རྩོམ་སྒྲིག་པ་རྣམས་ལས་དོན་གྱི་ལམ་དུ་ཞུགས་ཡོད།

   རྒྱལ་གཤེན་བོན་སྒྲར་བོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཁག་དང། ཞང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཏམ། བརྗོད་བྱ་གང་ཡང་རུང་བའི་སྙན་རྩོམ། ལེགས་བཤད་སོགས་སྒྱུར་རྩོམ། དེ་བཞིན་དགོན་པ་དང་བླ་བྲང་གི་གདན་རབས། གངས་རི་མཚོ་གསུམ་གྱི་མཛེས་ལྗོངས། གལ་ཆེའི་མི་སྣ་ཁག་ངོ་སྤྲོད། མི་རིང་བར་རྒྱལ་ཕྱི་ནང་གི་མཁས་པ་རྣམས་ལ་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ནས་བོན་གྱི་སྐོར་གླེང་མོལ་ཞུས་ཏེ་དྲ་ཐོག་ཏུ་འགོད་འཆར་ཀྱང་ཡོད། དེས་ན་རྒྱལ་གཤེན་བོན་སྒྲ་འདི་ནམ་ཞིག་ཤར་ནུབ་གཉིས་ཀའི་སྤྱི་ཚོགས་བར་ཞང་བོད་ཀྱི་ཤེས་རིག་ངོ་སྤྲོད་དང་། རྩོམ་རིག་དར་སྤེལ། མདོར་ན་སྤྱི་སྒེར་གཉིས་ཀའི་ངོས་ནས་ཞང་བོད་ཀྱི་ཆོས་རིག་དང་འབྲེལ་བའི་བསམ་བློའི་ཁ་ཕྱོགས་མཐོ་རུ་གཏོང་བ་དང་། བསམ་ཚུལ་གང་ཡོད་སྦས་གསང་མེད་པར་ཕན་ཚུན་བརྗེ་རེས་དང་གྲུབ་འབྲས་ཀྱི་སྙིང་པོ་ཀུན་གྱིས་ལོངས་སུ་སྤྱོད་པའི་གླིང་ཁ་ཞིག་ཏུ་འགྱུར་བར་རེ་བ་དང་དུང་བས་སྨོན་ཡོད།

   དམིགས་བསལ་དུ་ཞུ་རྒྱུར། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱལ་གཤེན་བོན་སྒྲའི་ངོས་ནས་«ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ།»འབུལ་རྒྱུ་ཡིན་ཞིང་། ཐེངས་དང་པོའི་འགྲན་རྩོམ་གྱི་ཁོངས་སུ་ཞང་ཞུང་གི་ས་སྐོར་ལ་དཔྱད་པའི་དཔྱད་རྩོམ་{༢}ལ་ཨང་དང་པོ་དང་གཉིས་པ། ཞང་ཞུང་རྒྱལ་རྒྱུད་ཀྱི་ཆེ་བ་དང་མཛད་རྗེས་གླེང་བའི་སྙན་རྩོམ་རིང་མོ་{༢}ལ་ཨང་དང་པོ་དང་གཉིས་པ་བཅས་རྩོམ་ཡིག་འབྱོར་ཚད་ཀྱི་ནང་ནས་བརྒྱ་ཆ་རྩེ་བཏོག་ཞུ་རྒྱུ་ཡིན་ཞིང་། རྩོམ་ཡིག་འགྲན་བསྡུར་གྱི་དཔྱད་འདེམ་པར་མཚོན་ན། ད་ཆར་རང་རེའི་ཞང་བོད་ཀྱི་རྩོམ་རིག་གར་སྟེགས་ཐོག་ཆེས་གཟེངས་སུ་མཐོ་བའི་བོད་ཕྱི་ནང་གི་རྩོམ་པ་པོ་དང་། དཔྱད་བརྗོད་པ། རྩོམ་སྒྲིག་པ་འགར་རྩོམ་པ་པོའི་མཚན་མི་གསལ་བའི་སྒོ་ནས་དཔྱད་རྩོམ་དང་སྙན་རྩོམ་གང་འབྱོར་བ་རྣམས་ཕུལ་ཏེ་བརྒྱ་ཆའི་ཕྱོགས་བསྡོམ་ཞུ་རྒྱུ་སོགས་དཔྱད་འདེམ་གྱི་བྱ་བ་གང་ནས་བལྟས་ཀྱང་འདྲ་མཉམ་དང་དྲང་བཞག་གི་རྩ་དོན་གཙིགས་སུ་བཟུང་ནས་སྤེལ་རྒྱུ་ཡིན། འགྲན་རྩོམ་གྱི་རྒྱལ་ཁའི་གྲུབ་འབྲས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཏེ་བོད་ཟླ་ ༥ ཚེས་ ༡༥ ཉིན་དབྱིན་བོད་རྒྱ་གསུམ་གྱི་ལམ་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུ་འཆར་ཡིན།

   སྤྱིར་འགྲན་བསྡུར་རྩོམ་ཡིག་གི་བདག་དབང་རྩོམ་པ་པོ་སྐུ་སྒེར་ལ་ཡོད་ན་ཡང་རྒྱལ་གཤེན་བོན་སྒྲའི་ངོས་ནས་འགྲན་རྩོམ་གྱི་ཨང་ཐོབ་ཕྱིར་བསྒྲགས་མ་ཟིན་བར་དུ་རྩོམ་ཡིག་རྣམས་དྲ་རྒྱ་དང་དུས་དེབ་གཞན་གང་དུའང་མི་སྤེལ་རོགས་ཞུ་རྒྱུ་དང་། ཐེངས་དང་པོའི་འགྲན་རྩོམ་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༥ ཚེས་ ༡ ཚུན་རང་རྩོམ་གློག་ཀླད་དུ་བཅུགས་ཏེ་རང་གི་ལོ་རྒྱུས་ཐུང་ངུ་དང་སྐུ་པར་རེ་བཅས་གཤམ་གསལ་རྒྱལ་གཤེན་བོན་སྒྲའི་གློག་འཕྲིན་བརྒྱུད་འབྱོར་དགོས།

   སླར་ཡང་ཞུ་རྒྱུར། རྒྱལ་གཤེན་བོན་སྒྲའི་མེ་ཏོག་ཆུན་པོ་ཀློག་མཁན་ཚོར་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་བར་ངེད་རྩོམ་སྒྲིག་པ་རྣམས་འབད་བརྩོན་གྱི་ཡུར་དུ་ཆས་པ་ཙམ་གྱིས་མི་ཆོག་པར་བྲོ་བཅུད་བཟང་ངན་དང་ཚེ་སྲོག་འཇིག་རྟེན་འདིར་ཞི་བདེ་དང་བག་ཕེབ་ངང་བདེ་བར་གནས་པར་གཙོ་བོ་རྩོམ་པ་པོ་དག་གི་བྱམས་བརྩེའི་གསོ་སྐྱོང་དང་ཤེས་རབ་ཀྱི་འོད་སྣང་ལྡན་པའི་རྩོམ་ཡིག་གི་མཐུན་རྐྱེན་ལ་རག་ལས་ཡོད་པས་མ་འོངས་པར་ཁྱེད་རྣམས་ཀྱིས་ཕྱོགས་གང་ཅིའི་ཐད་ནས་མཐུན་འགྱུར་རམ་གཞོག་འདེག་གནང་བའི་ཆོད་སེམས་རབ་ཏུ་བརྟན་པོ་ངེད་ཚོར་གདེངས་སྤོབས་དང་བཅས་ཏེ་ཡོད་ཅེས་ཞུ་ཞུ། །

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡ ཉིན་

རྒྱལ་གཤེན་བོན་སྒྲ་རྩོམ་སྒྲིག་ཚོགས་པས་ཕུལ།

 

སྤྱི་ཁྱབ་རྩོམ་སྒྲིག་པ།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།

རྩོམ་སྒྲིག་ཚོགས་མི།

གདོང་བཙུན་རྒྱ་ཐར། བོད།
རྔ་རང་རིག བལ་ཡུལ།
ཁྲི་བདེ་མཆོག རྒྱ་གར།
གཙང་པ་བཀྲ་སྟོབས། ཡོ་རོབ།
ཀུན་གསལ་ཟླ་བ། ཨ་རི།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།