སྐྱིད་འཛོམས་དགོན་པའི་དབུ་བླ་ཁྲི་བཞེངས་གནང་བ།
[ཟླ་ཚེས། 2015-08-10 23:23:17][རྩོམ་པ་པོ། སྨོན་ལམ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཉེ་ཆར་མདོ་སྨད་ཟིང་ཆུ་རྫོང་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་དགོན་ལག་སྐྱིད་འཛོམས་གཡུང་དྲུང་གླིང་གི་དབུ་བླ་ཤེས་རབ་གོང་འཕེལ་མཆོག་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ་བ།
བླ་མ་ཤེས་རབ་གོང་འཕེལ་མཆོག
སྐྱིད་འཛོམས་གཡུང་དྲུང་གླིང་ནི། མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ཁོངས་སུ་གནས། ཟིང་ཆུ་རྫོང་ནས་སྤྱི་ལེ་༢༧ཡས་མས་ཡོད། ཐོག་མ་གྲུབ་ཐོབ་བསྟན་པ་དར་རྒྱས་མཆོག་གིས་དུས་རབས་བཅོ་བརྒྱད་པའི་ནང་ཕྱག་བཏབས་གནང་། ད་བར་མི་ལོ་ཉིས་བརྒྱ་ཙམ་འདས་པའི་དགོན་པ་བྱིན་ཅན་ཞིག་ཡིན། དེ་རྗེས་རྒྱལ་འཕེན་ཁ་ཅའི་དགེ་བཤེས་གཡུང་དྲུང་རྣམ་དག་དང་བློ་བཟང་ཚུལ་ཁྲིམས་རྣམ་གཉིས་ནས་སྔ་ཕྱི་རིམ་བཞིན་དགོན་པའི་འགན་ཕྱི་ནང་ཐམས་ཅད་བཞེས་ཏེ་བླ་མ་གོང་མའི་མཛད་སྲོལ་ལྟར་བསྟན་པ་དང་གདུལ་བྱའི་མཛད་འཕྲིན་ཚུལ་བཞིན་བསྐྱངས་པར་མཛད། དེ་ནས་བྱ་འཕུར་ཕུན་ཚོགས་དབང་རྒྱལ་རིན་པོ་ཆེ་དགོན་པའི་འདུས་སྤྱི་ལས་སྣེ་རྣམ་པ་དང་བོན་འབྲུ་ཚོ་ལྔའི་ལྷ་སྡེ་མི་དམངས་ཡོངས་ནས་དགོན་པའི་དབུ་བླ་རུ་བཀུར། སླར་༡༩༨༥ལོར་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་དགེ་བཤེས་ཤེས་རབ་རྣམ་དག་རིན་པོ་ཆེ་མཆོག་གིས་དགོན་པར་བདག་གི་བླ་མའི་འགན་བཞེས་གནང་།
དད་ལྡན་དམངས་ཚོགས་རྣམས་ཁྲི་བཞེངས་མཛད་སྒོར་ཕེབས་བཞིན་པ།
དེ་ནས་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་དཔོན་སློབ་ཁྲི་རབས་གཉིས་པ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དགོན་བདག་བླ་མའི་དབུས་བཞུགས་སྟེང་དབུ་བླ་ཤེས་རབ་གོང་འཕེལ་ལགས་ཀྱིས་མི་ལོ་དུ་མའི་རིང་ལ་དགོན་པའི་ཕྱི་ནང་གི་ཚོགས་ཁང་སོགས་བསྐྱར་བཞེངས་ཀྱི་ཐུགས་འགན་གཙོ་བོར་བཞེས་ཏེ་དགོན་པའི་ཕྱི་ནང་གི་འཛུགས་བསྐྲུན་རྣམས་ལེགས་གྲུབ་བྱུང་ཡོད།
ཁྱད་པར་དུ་བླ་མ་ཤེས་རབ་གོང་འཕེལ་ལགས་ནས་རྒྱུ་ནོར་སྐུ་ལས་སྣ་ཚོགས་གནང་སྟེ་གཙོ་བོར་དད་ལྡན་དམངས་ཚོགས་རྣམས་ཀྱི་དད་རྟེན་དུ་རིགས་དྲུག་འཁོར་ཆེན་སྲིད་ན་དཀོན་པ་ཞིག་གསར་བཞེངས་གནང་སྟེ་ད་ཆར་འགྲུབ་ལ་ཉེ་ཡོད།
གྲྭ་མང་ནས་བླ་མ་ཤེས་རབ་གོང་འཕེལ་ཁྲི་བཞེངས་ཀྱི་བླ་མ་མཆོད་པ་སོགས་འབུལ་བཞིན་པ།
གཞན་ད་ཆ་དགོན་བདག་བླ་མ་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་མཆོག་དང་དབུ་བླ་ཤེས་རབ་གོང་འཕེལ་རྣམ་གཉིས་གཙོས་པའི་གྲྭ་བ་བཅུ་ཕྲག་འགའ་ཡོད། གཞན་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་དང་སྐྱིད་འཛོམས་གཡུང་དྲུང་གླིང་གཉིས་དགོན་མ་ལག་གི་འབྲེལ་བའི་ཐོག་འཚོགས་སྒོའི་སྐབས་སུའང་སྣང་ཞིག་དགོན་པའི་བླ་གྲྭ་དང་ལྷན་འཚོགས་སོགས་གནང་སྟེ་བསྟན་འགྲོའི་དོན་བསྒྲུབས་བཞིན་ཡོད།
ལོ་གཅིག་གི་དུས་མཆོད་ཁག་ལ། དུ་ཏྲི་སུ་ཡི་སྒྲུབ་ཆེན། ཕུར་པའི་སྒྲུབ་ཆེན། རྣམ་རྒྱལ་སྟོང་མཆོད། བྱམས་མའི་སྒྲུབ་ཆེན་སོགས་ཡོད།