རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་པར་སྐྲུན་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2015-07-26 19:38:53][རྩོམ་པ་པོ། དྲུག་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་༧ རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་སྒོ་འབྱེད་བྱས་པའི་གནས་ཚུལ་རགས་བསྡུས།
7.jpg

   རྣམ་མང་གྲུབ་མཐའ་ཀུན་གྱི་ཏོག་ཏུ་གྱུར་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོངས་སྤེལ་བའི་ཐབས་ཕུལ་དུ་བྱུང་བ་ནི་འཆད་ཉན་སྒོམ་སྒྲུབ་ཡིན་ཞིང་། དེ་ཡང་ཡང་དག་པར་མ་ནོར་འཆུགས་མེད་ཀྱི་ལམ་སྟོན་རྒྱལ་བའི་གསུང་རབ་ལ་རགས་ལས་ཡོད་པ་ནི། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། ཞེས་གསུངས་པས་ཤེས་ལྡན་ཀུན་གྱིས་ཟུར་བལྟས་ལེབ་མཐོང་ཞེས་པ་ལྟར་ཡིན་མོད། ཉེ་ཆར་ཡང་སྨན་རིའི་དགེ་བཤེས་དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་དཔོན་སློབ་ཆེན་མོ་ཤེས་རབ་གཡུང་དྲུང་གཙུག་ཕུད་མཆོག་ནས་རིས་དང་ཕྱོགས་སུ་མ་བཟུང་བར་རྒྱལ་བསྟན་སྤྱི་ལ་སྲིད་ཞུའི་བགོ་སྐལ་དང་དུ་བླང་སྟེ། ས་གསུམ་ནས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་༧ རྗེ་མཉམ་མེད་བླ་མའི་གསུང་ཡིན་ངེས་པ་ཅན་རྨད་དུ་བྱུང་བའི་ལེགས་བཤད། འཛམ་གླིང་ཡུལ་གྲུ་གང་ས་ནས་བགྲང་བྱ་བཞི་ཡི་རིང་ལ་བསྡུ་བསྒྲུགས་ཀྱི་ངལ་བ་འཕྲག་ཏུ་ཁུར་ཏེ། ཕྱག་སོང་བྱུང་ངོ་ཅོག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ།༼རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་བཞུགས་སོ།༽ཞེས་པ་ཐབས་ཕར་ཕྱིན་བཅུའི་རྟེན་འབྲེལ་མཚོན་བྱེད་དུ་གླེགས་བམ་བཅུ་ཡི་བདག་ཉིད་ཅན་ཏེ།( ཀ༽ དབུ་ཚད་དང་ཐེག་རིམ་སྐོར། ཁ༽ས་ལམ་ཁྲིད་རིམས་སྐོར། ག༽ཤེར་ཕྱིན་སྐོར། ང༽སྣང་སྲིད་མཛོད་ཕུག་སྐོར། ཅ༽ཐེག་ཆེན་འདུལ་བའི་སྐོར། ཆ༽གསང་སྔགས་ཁྲིད་རིམ་གྱི་སྐོར། ཇ༽རྫོགས་ཆེན་བྱང་སེམས་གབ་པའི་སྐོར། ཉ༽གསོལ་འདེབས་སྐོང་གསོལ་གདང་ཡིག་སྐོར། ཏ༽སྒྲུབ་གཞུང་དང་ཕྱག་བཞེས་ཀྱི་སྐོར། ཐ༽སྒྲུབ་གཞུང་དང་རིག་གནས་ཀྱི་སྐོར།)བཅས་པོད་ཆེན་བཅུ་ལ་ཚན་པ་བརྒྱ་དང་བརྒྱད་དུ་ཕྱེས་ནས་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་སྔར་དུ་དཔར་སྐྲུན་ལེགས་གྲུབ་ཐེངས་དང་པོ་བྱུང་བ་ནི། ༧རྒྱལ་གཤེན་དགྱེས་པའི་མཆོད་ཡོན་བླ་ན་མེད་པར་གྱུར་ཅིང་། དད་འདུན་མོས་གསུམ་གྱི་སྒོ་ནས་རྗེ་བླ་མའི་རྗེས་འཇུག་སྐལ་ལྡན་ཡོད་དོ་ཅོག་ལ་དུས་ཐོག་གི་ཆར་པ་ལྟ་བུའི་སྐབས་བབ་ཀྱི་དགོས་མཁོའི་སྤྱི་ཕུད་དུ་ངེས་པས། འཛམ་གླིང་ཐ་གྲུ་གང་སར་བཞུགས་པའི་སྐྱེས་ཆེན་མཁས་པའི་དབང་པོ་གང་གིས་མཐོང་ཐོས་བྱུང་ཚེ་བསྔགས་བརྗོད་ཀྱི་རྫ་རྔ་བརྡུང་སའི་ལེགས་བྱས་ཉག་ཅིག་ཏུ་ལགས་སོ།།

4.jpg

   དེ་ཡང་འབྱུང་ལྡན་༣༣༢་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོར་སྤྱི་ལོ་༢༠༡༥/༧/༢༥ཉིན་པེ་ཅིང་ཕྱག་ཚོད་༡༠:༢༠་ཐོག་དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་འདུས་སྡེ་བརྒྱ་ཕྲག་གཉིས་ལྷག་ཙམ་འཆམ་ར་གོང་མ་བླ་བྲང་སེར་པོའི་མདུན་དུ་༧རྗེ་སྨན་རི་བའི་བཀའ་འབུམ་པར་བསྐྲུན་ཟིན་པའི་སྒོ་འབྱེད་ཀྱི་མཛད་སྒོ་དབུ་བརྩམས་ཏེ། དང་ཐོག་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་དཔོན་གསས་བླ་མ་སོ་བརྒྱད་མཁན་པོ་༧ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་མཆོག་མཁར་དམར་བླ་བྲང་ནས་དྲི་བཟང་སྤོས་དུད་ཀྱིས་མདུན་བསུས་ཤིང་གདན་དྲངས་ཏེ་རིམ་བཞིན་སོ་སོའི་བཞུགས་གྲལ་འཁོད།

8.jpg

དེ་ནས་བཤད་སྡེའི་ཚོགས་གཙོ་ཞུ་བླ་དགེ་བཤེས་གཡུང་དྲུང་རྒྱ་མཚོ་མཆོག་ནས་མཛད་སྒོ་གཙོ་སྐྱོང་གནང་སྟེ་མཛད་སྒོའི་ངོ་སྤྲོད་དང་གོ་རིམ་གསལ་བསྒྲགས་གནང་།
གོ་རིམ་དང་པོ་ཐོག་མར་མཁར་དཀར་བཀྲ་ཤིས་འོད་འབར་ཁང་ནས་བཀའ་འབུམ་རིན་པོ་ཆེ་སེར་ཕྲེང་དབུ་གདུགས་དང་བཅས་ཏེ་གདན་དྲངས་ནས་དཔེ་ཁྲིར་བཞུགས་སུ་གསོལ།

9.jpg

གོ་རིམ་གཉིས་པ་སྐྱབས་རྗེ་ཁྲི་འཛིན་མཁན་པོ་ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་མཆོག་གིས་བཀའ་འབུམ་གླེགས་བམ་བཅུ་ཡི་བདག་ཉིད་ཅན་ཞལ་ཕྱེས་ནས་དད་འདུན་འདུས་པ་རྒྱ་མཚོར་དགའ་དད་སྤྲོ་གསུམ་གྱི་སྣང་བས་ཡོངས་སུ་ཁྱབ་པར་བྱས།
གོ་རིམ་གསུམ་པ་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་གྱི་གདུང་འཛིན་༧རྒྱལ་བ་གཤེན་ཚང་རྣམ་ཚང་དང་། སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས། ཀླུ་དགོན་ཁྲི་འཛིན་མཁན་པོ་སོགས་ལ་བཀའ་འབུམ་ཚར་རེ་པར་ཕུད་དུ་ཕུལ།
གོ་རིམ་བཞི་པ་སྐྱབས་རྗེ་དཔོན་གསས་བླ་མ་ཞུ་སྟོན་མཁན་རིན་པོ་ཆེ་ནས་རྗེ་ཡི་བཀའ་འབུམ་པར་སྐྲུན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་གྱི་ཤིས་བརྗོད་དང་། གཙོ་སྒྲིགས་པར་ཐུགས་རྗེ་ཆེ་ཞུའི་ལེགས་གསོལ་སོགས་ཀྱི་བཀའ་སློབ་བསྩལ།

6.jpg

གོ་རིམ་ལྔ་པ་ཀླུ་དགོན་གྱི་ཀྲུ་རེན་དྲི་མེད་ལྷུན་གྲུབ་མཆོག་ནས་གལ་འགངས་ཀྱི་རང་བཞིན་དང་ལྡན་པའི་བྱ་བ། རྗེ་ཡི་བཀའ་འབུམ་པར་སྐྲུན་ལེགས་གྲུབ་བྱུང་བ་མ་ཟད་སྒོ་འབྱེད་ཀྱི་མཛད་སྒོ་གྲུབ་པའི་དགྱེས་རྟགས་མཚོན་བྱེད་དུ་རྗེ་མཉམ་མེད་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རླབས་པོ་ཆེ་བཅས་ངོ་སྤྲོད་དང་དཔོན་སློབ་རིན་པོ་ཆེ་ནས་གནང་བའི་བཀའ་འབུམ་རིན་པོ་ཆེ་ཉམས་བཞེས་དང་བཙའ་སྐྱོང་གནང་དགོས་ཞེས་སོགས་སྨོན་ལམ་གྱིས་མཇུག་གྲུབ་པར་བྱས།
གོ་རིམ་དྲུག་པ༧མཉམ་མེད་བླ་མའི་བཀའ་འབུམ་གཙོ་སྒྲིག་པ་རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་ཤེས་རབ་གཡུང་དྲུང་གཙུག་ཕུད་རིན་པོ་ཆེ་མཆོག་ནས་ཐོག་མའི་མཚམས་འདྲི་དང་། བཀའ་འབུམ་རིན་པོ་ཆེ་ཕྱོགས་བསྒྲིགས་དང་པར་བསྐྲུན་བྱས་པའི་ལས་རིམ་ངོ་སྤྲོད་དང་།
ལྷོ་གླིང་དགའ་མའི་ཕྱོགས་གང་སར་གནས་པའི་བོན་གྱི་དགོན་པ་དང་རི་ཁྲོད་འདུས་སྡེ་ཆེ་ཆུང་ཡོངས་ལ་རྟེན་བཞག་ཏུ་རིན་མེད་ཀྱི་སྒོ་ནས་རྗེ་ཡི་བཀའ་འབུམ་ཚར་རེ་འབུལ་རྒྱུ་དང་།རང་དགོན་གྱི་བླ་གྲྭ་ཡོངས་ལ་དཔེ་སྦྱིན་ཚར་རེ་གནང་རྒྱུ་ཡིན་པ་བཅས་མཐར་སངས་རྒྱས་བསྟན་པ་དང་བསྟན་འཛིན་སྐྱེས་བུ་ཡོངས་མཛད་ཕྲིན་གེགས་མེད་ཡོང་བའི་ཤིས་སྨོན་གྱིས་མཐར་བརྒྱན་ཏེ་མཇུག་གྲུབ།
གོ་རིམ་བདུན་པ་འདུས་སྡེ་ནས་འབྲས་སིལ་མར་ཁུ་དང་བཞེས་ཏོག་སྣ་ཚོགས་གནང་སྦྱིན་ལ་བརྟེན་མཛད་སྒོའི་གྲྭ་མང་ཡོངས་ཀྱིས་འབྲས་སིལ་དང་ཤིང་ཏོག་རིགས་སྣ་ཚོགས་གསོལ་ཇ་སོགས་གྱ་ནོམ་པར་དགྱེས་བཞེས་མཛད།

2.jpg

གོ་རིམ་བརྒྱད་པ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པའི་སྐྱབས་འོག་འདུས་མང་ཡོངས་ཡར་བཞེངས་ནས་བསྟན་རྒྱས་སྨོན་ལམ་དལ་བུར་དབྱངས་སུ་གྱེར་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་སུ་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་ལ་གྲགས་དཀར་གོ་ལའི་ཕ་མཐར་འཕུར་བའི་དམིགས་རིམ་དང་མ་བྲལ་བར་རིག་སྟོང་འོད་གསལ་ཆེན་པོའི་ངང་དུ་རྒྱས་གདབ་བོ།།
གོ་རིམ་དགུ་པ་འདུས་མང་བླ་གྲྭ་ཀུན་གྱིས་དད་གུས་དགྱེས་སྤྲོའི་འཛུམ་མདངས་དང་བཅས་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་སྐྱབས་འཇུག་བསྩལ་གནང་བའི་རྗེ་ཡི་བཀའ་འབུམ་ལེན་པར་འཚང་ཁའི་ངང་ནས་རེ་ཞིག་སྒོ་འབྱེད་ཀྱི་མཛད་སྒོ་མཇུག་ལེགས་པར་སྐྱངས་པ་དང་བཅས་སོ།།

དྲུག་བསྟན་ནས་༢༠༡༥/༧/༢༥/ཉིན།

ཟུར་དུ་གསལ་བསྒྲགས་ཞུ་རྒྱུ།
9.jpg

ད་ལམ་ཕྲན་༼གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད།༽གྱིས་༧རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་རིན་པོ་ཆེ་བོན་གྱི་དགོན་སྡེ་རི་ཁྲོད་ཡོད་དོ་ཅོག་ལ་ཚར་རེ་རྟེན་བཞག་འབུལ་རྒྱུ་ཡིན།
དེར་བརྟེན་ཟི་ཁྲོན་དང་མཚོ་སྔོན་ཀན་སུའུ་སོགས་སྨད་ཕྱོགས་ཀྱི་དགོན་སྡེ་རི་ཁྲོད་ཁག་ནས་དགེ་བཤེས་རིན་སྤུངས་ཚུལ་བསྟན་མཆོག་ལ་འབྲེལ་བ་གནང་སྟེ་ཁོང་གི་ལག་ནས་བརྩིས་བཞེས་གནང་རོགས་ཞུ་རྒྱུ་དང་།
བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཁོངས་ཀྱི་དགོན་སྡེ་རི་ཁྲོད་ཁག་གིས་དགེ་བཤེས་ཡོན་ཏན་ཕུན་ཚོགས་ལ་འབྲེལ་བ་གནང་ནས་བཀའ་འབུམ་ཚར་རེ་བརྩིས་བཞེས་ཡོད་པར་ཞུ། དེ་མིན་བོད་ལྗོངས་ཁོངས་གཏོགས་དགོན་རི་ཁྲོད་ཁག་གིས་ཕྲན་༼གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད།༽ལ་འབྲེལ་བ་གནང་སྟེ་བཀའ་འབུམ་ཚར་རེ་བརྩིས་བཞེས་གནང་རོགས་ཞུ་རྒྱུ་དང་།
གཞན་ཡང་བཀའ་འབུམ་བསླུ་མཁན་ཡོད་ནའང་གོང་ཞུས་ལྟར་དགེ་བཤེས་ཡོན་ཏན་ཕུན་ཚོགས་དང་དགེ་བཤེས་རིན་སྤུངས་ཚུལ་བསྟན་དང་ཕྲན་རང་བཅས་ལ་འབྲེལ་བ་གནང་རོགས།

ཞེས་གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་ཀྱིས་༢༠༡༥ལོའི་ཟླ་བ་༧པའི་ཚེས་༢༦ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།