མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་པོ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ།

[ཟླ་ཚེས། 2015-04-10 00:50:08][རྩོམ་པ་པོ། བསྟན་འཛིན་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དེའུ་བོན་དགོན་སེ་ཞིག་གཡུང་དྲུང་རབ་བརྟན་གླིང་གི་བླ་རབས་སོ་གསུམ་པ་མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་པོ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ།
2341.jpg
སེ་ཞིག་དགོན་གྱི་བླ་རབས་སོ་གསུམ་པ་མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་།
04.jpg

ཁྲི་བཞེངས་མཛད་སྒོ་ལ་ཕེབས་པའི་བླ་གྲྭ་ཁག

རབ༵་འབྱམས༵་རྒྱལ་བའི་གསང་གསུམ་ལྷ་ལམ་རབ༵་ཡངས་ལས།།
རབ༵་འབྱམས༵་ཞིང་དུ་མཁྱེན་བརྩེའི་སྤྲིན་དཀར་རབ༵་བཀོད་ཏེ།།
རབ༵་འབྱམས༵་གདུལ་བྱར་ཕན་བདེའི་གྲུ་ཆར་རབ༵་འཇོ་བའི།།
རབ༵་འབྱམས༵་ཞིང་གི་རྣམ་འདྲེན་བརྒྱད་པ་རབ༵་ཏུ་བསྔགས།།

རྣམ༵་དག༵་ལུང་གི་གནད་ཀུན་རྣམ༵་པ་མ་འདྲེས་སོ་སོར་གསལ།།
རྣམ༵་དག༵་བདེན་གཉིས་ངོ་བོ་རྣམ༵་པ་འཕྲུལ་ཆེན་ཡི་གེའི་གཟུགས།།
རྣམ༵་དག༵་རྟོགས་པའི་དོན་ཀུན་རྣམ༵་གསུམ་བསླབ་པའི་བདག་ཉིད་ཅན།།
རྣམ༵་དག༵་འཕྲུལ་ངག་བོན་མཆོག་རྣམ༵་གསུམ་མི་ཕྱེད་དད་པའི་གསོས།།

སེ༵་ཞིག༵་གདུང་མཆོག་དཔག་བསམ་དབང་པོ་ལས།།
སེ༵་ཞིག༵་སྐྱེས་མཆོག་ཡལ་འདབ་མང་པོ་རྒྱས།།
སེ༵་ཞིག༵་གདུལ་བྱར་ཕན་བདེའི་གྲིབ་བསིལ་ཅན།།
སེ༵་ཞིག༵་བླ་རབས་བརྒྱུད་འཛིན་བཅས་ལ་བསྟོད།།

དེ་ལྟར་མཆོག་གསུམ་བསྟོད་པའི་བྱིན་རླབས་ཀྱི།།
དྲོད་ཁོལ་མགྲིན་པའི་ཀློང་དུ་ཐིམས་པ་ཡིས།།
གང་གི་ཡིན་ལུགས་བརྗོད་པའི་མཐུ་ཐོབ་ནས།།
དབྱངས་གསལ་ཕྲེང་བའི་ཚུལ་གྱིས་ཁ་ནས་ལུད།།
89.jpg040kjh9_1.jpg
དེའུ་བོན་དགོན་ནམ་སེ་ཞིག་དགོན་གྱི་ཕྱི་ཡི་རྣམ་པ།

   དེ་ལྟར་ཚིགས་སུ་བཅད་པའི་མེ་ཏོག་གི་ཚོམ་བུ་ཅི་དགར་གཏོར་བས་མདུན་ལེགས་པར་བསུས་ཏེ་གང་གླེང་བར་བྱ་བ་ནི། སེ་ཞིག་མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་པོ་མཆོག་གདུལ་བྱ་བསོད་ནམས་ཀྱི་མཐུ་བརྟས་པས་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་བའི་སྐབས་ཀྱི་བྱུང་བ་བརྗོད་པ་ལ་གསུམ་སྟེ། སེ་ཞིག་དགོན་གྱི་བླ་རབས་ཟུར་ཙམ་སྨྲོས་པ་དང་། སྤྲུལ་སྐུ་རྣམ་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་དང་། ཁྲི་འདོན་མཛད་སྒོ་ངོ་སྤྲོད་པ་བཅས་གསུམ་མོ། དེ་ལས་དང་པོ་ནི་ལུང་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར།། ཐུགས་རྗེའི་འོད་དང་ཐེག་པའི་མཐའ་།། འཁོར་བ་མ་སྟོང་བར་དུ་སྟོན།། ཞེས་པ་ལྟར་བསྟན་པ་སྔ་དར་སྐབས་སུ་ཡང་། ལྕེ་ཚ་མཁར་བུ་སོགས་རིག་འཛིན་མང་པོ་གནས་འདིར་ཕེབས་ནས་སྒོམ་སྒྲུབ་ཀྱི་སྡེ་བཙུགས་ཤིང་བཀའ་རྟགས་སྒྲུབ་ཕུག་སོགས་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་དང་། ཕྱི་དར་སྐབས་སུ་དེ་བས་ཀྱང་འཕེལ་རྒྱས་ཕྱིན་ཡོད་པ་དགོན་མལ་གྱང་ཤུལ་འདི་དག་མཐོང་བར་ཙམ་གྱིས་ཤེས་ཐུབ། དེ་ནས་སྤྱི་ལོ་༡༠༠༣བོད་ཆུ་ཡོས་ལོར། གཤེན་སྲས་ལྷ་རྗེའམ་གོ་ལྡེ་འཕགས་པ་ཞེས་པའི་དམ་པ་དེས་ཐོག་མར་ཕྱག་བཏབ། དུས་སྐབས་དེའི་ཡས་མས་སུ་གནས་འདིར་ཞབས་ཀྱིས་བཅགས་ཤིང་བསྟན་འགྲོའི་དོན་མཛད་མྱོང་བའི་བླ་རབས་ནི་འདི་ལྟར་ཏེ། ཁྲོ་ཚང་འབྲུག་ལྷ། དབང་ལྡན་གོ་སྡེ་འཕགས་པ། སྡོང་གི་བཙུན་པ་ནམ་མཁའ་འོད་ཟེར། འགྲུ་ཡི་བཙུན་པ་བསོད་ནམས་བསྟན་རྒྱལ། ལྷ་བླ་ཡེ་ཤེས་རྒྱལ་མཚན་། ཞུ་སྒོམ་འཁྲུལ་ཞིག སྟག་ཞིག་བཀའ་བོ་རྒྱལ། ཁྲོམ་ཚེ་དབང་རྒྱལ་པོ། སྡོང་གཤེན་བསྟན་རྒྱལ་བཟང་པོ། སྡོང་བཙུན་ཤེས་རབ་རིན་ཆེན། སྡོང་བསོད་ནམས་གཡུང་དྲུང་། དར་མ་རིན་ཆེན། གཏེར་སྟོན་ལྷུན་གྲུབ་ཐོག་མེད་། གོ་རྫོང་ནམ་མཁའ་འོད་ཟེར། གོ་རྫོང་ནམ་མཁའ་གཡུང་དྲུང་། ཨ་ཤག་བྱ་བྲལ། རིན་ཆེན་འོད་ཟེར་སོགས་ཕྱོགས་མེད་བྱ་བྲལ་གྲུབ་ཐོབ་ཀྱི་བླ་མ་རྣམས་ལ་བེ་རི་རྒྱལ་རབས་རིམ་བྱོན་གྱིས་སྦྱིན་བདག་བྱས་ནས་བསྟན་པ་བསྐྱངས་སོ།། དེ་ནས་སེ་ཞིག་གདུང་སྲས་མུ་ལ་ཐོག་མེད་དམ་ནམ་མཁའ་ཐོག་བཅངས། འགྲུ་བཙུན་ནམ་མཁའ་གཡུང་དྲུང་། ནམ་མཁའ་རྒྱལ་མཚན། ཚུལ་ཁྲིམས་བློ་ལྡན། ཤེས་རབ་བློ་ལྡན། ཤེས་རབ་དབང་རྒྱལ། བློ་གྲོས་བསྟན་རྒྱལ། གཡུང་དྲུང་དབང་ལྡན། ཚེ་དབང་རྒྱལ་མཚན། གཡུང་དྲུང་ཕུན་ཚོགས། ཚེ་དབང་དོན་འགྲུབ། རད་རྣ་ཁོད་སྤྱོད། ཚེ་དབང་རྣམ་རྒྱལ། ཚེ་དབང་མཆོག་ལེགས་བཅས་སེ་ཞིག་གདུང་རབས་ཀྱི་བླ་མ་རྣམས་ཀྱིས་བསྟན་པ་བསྐྱངས་སོ།། དེ་ནས་ཐུགས་རྗེ་ཡས་སྤྲུལ་གྱི་བླ་མ་གཡུང་དྲུང་བསྟན་འཛིན་རྣམ་རྒྱལ་དང་འཆི་མེད་བསྟན་འཛིན་དཔལ་བཟང་བཅས་ཀྱིས་ད་ལྟའི་བར་དུ་ལུང་རྟོགས་བོན་གྱི་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་མངོན་པར་བསྒྲེངས་ཤིང་བསྟན་འགྲོར་རྒུད་པའི་ཚ་གདུང་རབ་ཏུ་སེལ་ནས། ཕན་བདེའི་གྲིབ་བསིལ་ཟད་མི་ཤེས་པའི་རྒྱུན་བཟང་བསྐྱངས་དང་སྐྱོང་མུས་སུ་ལགས་སོ།།

02.jpg
སྐྱ་སེར་ཁག་གིས་བླ་རབས་སོ་གསུམ་པ་མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་ཕེབས་བསུ་བྱེད་བཞིན་པ།

   གཉིས་པ་སྤྲུལ་སྐུ་རྣམ་གཉིས་ཀྱི་བྱུང་བ་ནི། གོང་གི་ཚེ་དབང་མཆོག་ལེགས་གཟུགས་སྐུ་བོན་དབྱིངས་སུ་བསྡུས་རྗེས། ཡང་སྲིད་ངོས་འཛིན་མཛད་མཁན་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། སི་ཏུ་པད་མ་དབང་མཆོག་རྒྱལ་པོ་རྣམ་གཉིས་དགོངས་མཐུན་གྱིས་རྟགས་བབ་ལ། དགོན་དེའི་ནུབ་ཕྱོགས་རྒྱང་གྲགས་གཅིག་གི་མཚམས།། མུར་ཟང་ཝེར་རོ་ལེགས་པར་བརྟེན་པའི་ཕྱོགས།། ཐབས་ཤེས་ཨ་དང་པད་མའི་མཚན་ཅན་ལ།། ཁྱེའུ་ངོ་མཚར་བྱི་བའི་ལོ་ཁམས་ཅན།། ཡོད་ཡོད་འདྲ་ལ་མི་བདེན་རྫུན་གྱི་གཟུགས།། གང་ཤར་རྫུན་གྱི་ཉིང་འཁྲུལ་ཤར་ལས་ཅི།། གལ་ཏེ་བདེན་པར་གྲུབ་པ་ཡོད་སྲིད་ན།། ལ་ཧེའི་གོ་དང་ཕུར་པའི་དབལ་སོ་ཡིས།། གཟིར་མནན་དྲག་པོའི་སྟོབས་ཀྱིས་མཐར་ཕྱུང་ན།། བསྟན་པ་མེ་ལྟར་འབར་བའི་རྟེན་འབྲེལ་ཡོད།། ཅེས་ལུང་བསྟན་པ་ལྟར།

01.jpg
བླ་རབས་སོ་གཉིས་པ་མཆོག་སྤྲུལ་གཡུང་དྲུང་བསྟན་འཛིན།

   ཡབ་ཀྱི་རིགས་སྡེ་དགེ་རྒྱལ་ཁབ་ཀྱི་དཔོན་སྐྱ་ཉི་ཤུ་རྩ་ལྔའི་གཙོ་བོ་རྟ་བའི་ཨ་གྲགས་དང་། ཡུམ་ལྷོ་འབྲང་པ་དཔོན་གྱི་བུ་མོ་པད་སྒྲོན་ལ། མེ་བྱི་ཟླ་བ་དང་པོའི་ཚེས་བརྒྱད་གཟའ་ཕུར་བུ་སྐར་མ་མགོ་དུས་ཚོད་ཉི་མ་ཤར་བ་དང་མཉམ་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དེ་ནས་དགུང་ལོ་ལྔའི་ཐོག་མདོ་བོན་དགོན་གཡུང་དྲུང་རབ་བརྟན་གླིང་དུ་གདན་དྲངས་ནས་སྟག་ཞིག་སེང་གེ་ཉི་མ་གཙོས་བན་བོན་བླ་སྤྲུལ་མང་པོ་དང་། ལྷ་སྡེ་སེར་སྐྱ་རྒྱས་འཛོམས་ཐོག་ཁྲི་འདོན་མངའ་གསོལ་ཟབ་རྒྱས་མཛད་དེ་མཚན་ལ་གཡུང་དྲུང་བསྟན་འཛིན་རྣམ་རྒྱལ་ཞེས་མཚན་གསོལ། དེ་ནས་དགུང་ལོ་ཉེར་བཞིའི་བར་སྟག་ཞིག་སེང་གེ་ཉི་མ་དང་ཐར་བདེ་བླ་མ་བསྟན་རྒྱལ་དང་ཚུལ་ཁྲིམས་དྲི་མེད་སོགས་དམ་པ་དུ་མའི་ཞབས་པད་གཙུག་གིས་མཆོད་ཅིང་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་ཁྲིད་དང་བཅས་པ་གསན་བསམ་ཙམ་དུ་མ་བཞག་པར་སྒོམ་སྒྲུབ་ཉམས་ལེན་ལ་དུས་འདའ་བར་མཛད། དེ་ནས་རྒྱལ་ཡོངས་སྤྱིའི་འགྲོ་སྟངས་ལྟར་མི་ལོ་ཉི་ཤུ་ལྷག་ཙམ་དམངས་གཙོ་བཅོས་སྒྱུར་ཟེར་བའི་ལས་འགུལ་འོག་བཞུགས་དགོས་པ་བྱུང་། དེ་ནས་ཏིང་ཞོ་ཕིན་གྱིས་ཏང་གི་སྲིད་ཇུས་གུ་ཡངས་སུ་བཏང་སྟེ་ལྷོད་བཀྲོལ་ཐོབ་ནས་རང་ཡུལ་དུ་ཕེབས་ཏེ་སྔ་ལྟར་དབེན་གནས་དག་ཏུ་མཚམས་སྒྲུབ་ཁོ་ནར་མཛད་དེ་བཞུགས། དེ་ནས་སྤྱི་ལོ་༡༩༨༧ལོར་སྡེ་དགོན་སེར་སྐྱ་ཡོངས་ཀྱི་རེ་འདུན་ལྟར་དགོན་གནས་བསྐྱར་གསོ་མཛད་དེ་རྟེན་ལྷ་ཁང་དང་། སྤྱི་ཁང་སྒོམ་གྲྭ་སྒྲུབ་གྲྭ་སོགས་དང་། དེ་ལ་བརྟེན་པ་ཀློག་པ་ཐོས་བསམ་གྱི་སྡེ་དང་སྤངས་པ་བསམ་གཏན་གྱི་སྡེ་ལ་མདོ་སྔགས་སེམས་གསུམ་གྱི་གདམས་པའི་ཆར་གྱིས་རྒྱུད་བརླན་པར་མཛད་དོ། །དེ་ནས་ས་ཡོས་ལོའི་བོད་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་སོ།།

241.jpg
བླ་རབས་སོ་གསུམ་པ་མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་།

   དེའི་ཡང་སྲིད་འཆི་མེད་བསྟན་འཛིན་དཔལ་བཟང་ནི། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མའི་དགོང་རྟགས་བརྡ་ཡིག་ལས། གངས་དཀར་ཤ་བ་རི་བོའི་སྡེ་ཞོལ། ཅང་ཤེས་རྟ་ལོ་བ། བྱིས་པའི་མིང་ལ་དཔ༵ལ་མཚན་འཛིན་པ་ཞིག ཅེས་པ་ལྟར་ཤར་རྒྱལ་མོ་རོང་གི་གནས་ཆེན་གབ་ཏོག་ཤེལ་གྱི་རྡོ་རིང་གི་ཉེ་འདབས་སུ་ཡབ་སྐལ་བཟང་འབྱུང་གནས་དང་ཡུམ་སྨོན་ལམ་བཟང་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༢༠༠༢ ལོའི་ཆུ་རྟ་ལོར་སྐུ་བལྟམས། དེ་ནས་དགུང་ལོ་ལྔ་ཡི་ཐོག་རང་ཡུལ་གྱི་སློབ་ཆུང་འགྲིམས་ནས་ཤེས་རབ་ཀྱི་རྩ་བ་ཀློག་སློབ་པའི་འགོ་རྩོམ། དེ་ནས་དགུང་ལོ་དགུ་ཡི་ཐོག་སྡེ་དགོན་ཐུན་མོང་གྲོས་མཐུན་གྱིས་ཤར་རྫའི་གདན་ས་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་དུ་གདན་དྲངས་ཤིང་། རྒྱལ་ཚབ་དམ་པ་འཇིགས་མེད་དབང་ཕྱུག་སོགས་ཀྱི་མདུན་ནས་དབང་ལུང་མན་ངག་གསན་བསམ་གྱི་དབུ་ཚུགས། དེ་ནས་དགུང་ལོ་བཅུ་གསུམ་གྱི་ཐོག་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལག་འཁྱེར་དང་ཁྲི་འདོན་མཛད་སྒོའི་ཆོག་མཆན་ཐོབ་ཏེ་གསེར་ཁྲིར་ཕེབས།

05.jpg
༧ མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་དང་༧ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ་དང་སྟེང་དགོན་བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སོགས།

   གསུམ་པ་ཁྲི་འདོན་མཛད་སྒོ་ངོ་སྤྲོད་པ་ནི། སྤྱི་ལོ་ ༢༠༡༤ ཟླ་ ༡༡ པའི་ཚེས་༡༣ དང་། བོད་ཤིང་རྟ་ལོའི་ཟླ་ ༩ པའི་ཚེས་༢༢སྟེ། གཟའ་སྐར་འཕྲོད་སྦྱོར་ཀུན་ནས་དགེ་བའི་ཉིན་མོར་། འདྲེན་པ་མཉམ་མེད་ཐུགས་རྗེའི་འཁོར་ལོས་བསྒྱུར་བ་ཆེན་པོ་མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་པོ་ཉིད་ཕུན་ཚོགས་ལྔ་ལྡན་གྱི་སྒོ་ནས་མི་འཇིགས་སེང་གེའི་ཁྲི་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་འཁོད་དོ། །དེའི་ཚེ་ན་བརྒྱ་པའི་མགོན་པོས་བཀའ་འཁོར་བསྐོར་དུས་ཕྱོགས་བཅུའི་སངས་རྒྱས་ངང་གིས་འདུས་པ་བཞིན། ཆོས་བརྒྱུད་སོ་སོའི་སྐྱེས་ཆེན་ཀུན་ཕེབས་པ་ཡིན་ཏེ།

10.jpg
ཁྲི་བཞེངས་ལ་ཕེབས་པའི་བླ་སྤྲུལ་ཁག

བོན་གྱི་ཕྱོགས་ནས། དཔལ་རྒྱལ་བ་ཤར་རྫ་པ་ཞེས་གྲགས་པའི་བ་དན་དཀར་པོ་སྲིད་པའི་རྩེ་ནས་གཡོ་བའི་སྙིགས་དུས་ཀྱི་འཇའ་ལུས་པ་ཆེན་པོ་གང་གི་བརྒྱུད་འཛིན་རྒྱལ་ཚབ་དམ་པ། རང་རེའི་མེ་ཏོག་ཕོག་པའི་ལྷ་སྐལ། གདུལ་བྱ་བསྐལ་ཁུགས་གསོ་བའི་དཔའ་བོ། གཤེན་བསྟན་ལུང་དང་རྟོགས་པའི་བདག་ཉིད། འཇིགས་མེད་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དང་། ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ། མང་རི་དགོན་གྱི་སྤྲུལ་བསྟན་པའི་ཉི་མ། དཔོན་རྒན་དགོན་གྱི་སྤྲུལ་ཚུལ་ཁྲིམས་ཐོག་མེད། རབ་རྒྱལ་དགོན་གྱི་སྤྲུལ་ཚུལ་ཁྲིམས་སྟོབས་རྒྱལ། གོང་རྒྱལ་རི་ཁྲོད་ཀྱི་མཁན་པོ་ཁྲི་གཙུག་རྒྱལ་མཚན། ཐར་བདེ་དགོན་གྱི་མཁན་པོ་བསྟན་འཛིན་རྣམ་དག གཡུ་རི་བཤད་གྲྭའི་འགན་འཛིན་མི་སྣ་ཟླ་བ། ཞལ་བཞེས་དགོན་གྱི་སྤྲུལ་འགྱུར་མེད་རྡོ་རྗེ་དང་། མཁན་པོ་བསོད་འཕེལ། སྟག་ཞིག་དགོན་གྱི་སྤྲུལ་ཀུན་བཟང་བློ་གསལ་དང་། ཡེ་ཤེས་ཉི་མ་བཅས་དང་། རྒྱལ་བ་བཀའ་བརྒྱུད་པའི་ཕྱོགས་ནས། དགོན་གསར་དགོན་གྱི་སྤྲུལ་སྐུ་ཆོས་ཀྱི་སེང་གེ་དང་། གནས་མདོ་དགོན་གྱི་སྤྲུལ་སྐུ་འཇམ་གྲགས། སྡིས་ཕུ་དགོན་གྱི་སྤྲུལ་པད་མ་རབ་རྒྱས་དང་ལྷ་སེང་། སྐུ་ཚེ་དགོན་དང་གཏེར་སྟོན་དགོན་གྱི་འགན་འཛིན་མི་སྣ་བཅས་དང་། དཔལ་ལྡན་ས་སྐྱའི་ཕྱོགས་ནས། ཝ་ར་དགོན་གྱི་སྤྲུལ་སྐར་མ་མི་འགྱུར་དང་། སྤྱི་ཁྱབ་འགན་འཛིན་དཀར་གཡང་། དུང་མདོ་དགོན་གྱི་མཁན་པོ་ཡེ་ཤེས་སེང་གེ། མདོ་སྲིབ་དགོན་གྱི་སྤྲུལ་སྐུ་ངག་དབང་ཀུན་དགའ་ཐེག་མཆོག་དང་། མཁན་པོ་བསོད་བཀྲ་སོགས་ལུགས་ཟུང་མཁྱེན་པའི་དགོངས་པ་མཁའ་ལྟར་ཡངས་པའི་ཕྱོགས་ཀྱི་འདུས་པ་རྒྱ་མཚོ། ལུས་གུས་པའི་རྣམ་འགྱུར་དང་བཅས་པ། ངག་གདུང་བའི་འདོད་གསོལ་དང་བཅས་པ། ཡིད་རྩེ་གཅིག་དད་པ་དང་བཅས་ཏེ་ལི་ཁྲིའི་ཕྱེ་མར་ཐང་དུ་བརྡལ་པའམ་གུར་ཀུམ་སྙེ་མ་ཚར་དུ་དངར་བ་བཞིན་མཆོག་སྤྲུལ་གང་གི་གམ་དུ་ངང་ངམ་ཤུགས་ཀྱིས་འདུས་སོ།།

06.jpg 
ཁྲིར་བཀོད་མཛད་སྒོའི་སྐབས་སུ་ཕྱོགས་དུ་མ་ནས་ཕེབས་པའི་བླ་སྤྲུལ།
3.jpg
གོང་རིམ་སྲིད་གཞུང་གིས་སྤྲུལ་སྐུའི་ཕྱག་འཁྱེར་འབུལ་བཞིན་པ།

༧ དེ་ནས་དཔལ་ལྡན་ཝ་ར་དགོན་བར་དུ་རླངས་འཁོར་དང་། བཀྲ་ཤིས་དར་ཐང་བར་དུ་འཕྲུལ་རྟ་དང་། གད་ཡག་གཡང་སྐྱབས་ཐང་བར་དུ་རྟ་བ་བཅས། ལུས་ལ་རྒྱན་གོས་ལྷབ་ལྷུབ་གཡོ་བ། གདོང་ལ་འཛུམ་པའི་སོ་ཕྲེང་བཞད་པ། ལག་ཏུ་གཡུང་དྲུང་བོན་གྱི་བརྡ་དར་སོགས་དར་གྱི་ཕང་ཕུང་གཡོ་བ། སྟེང་མཛེས་པའི་ལྷ་ཡུལ་ས་ལ་བབ་འདྲ། འོག་འབྱོར་པའི་ཀླུ་ཡུལ་ས་ལ་འཕགས་འདྲའི་ཕེབས་བསུ་གྲ་མ་ཉམས་པ་གྲུ་མ་ཞིག་པར་མཛད།

0409_3.jpg
2.jpg1.jpg
མཛད་སྒོའི་སྐབས་སུ་བཙུན་ཆུང་གྲྭ་ས་བ་དག་གིས་རིག་པའི་མཆོད་པ་འབུལ་བཞིན་པ།

   ༧ དེ་ནས་ཕྱོགས་ཀྱི་དགོན་ཁག་སོ་སོའི་བླ་སྤྲུལ་མཁན་པོ་འགན་འཛིན་ལས་སྣེ་བཅས་ཀྱིས་མནྜལ་མཚོན་ཆེད་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་ཆེན་པོ་མི་ཟད་རྒྱན་གྱི་འཁོར་ལོ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་མི་འགྱུར་མི་ཤིག་རྟག་བརྟན་དར་རྒྱས་ཡོང་བའི་ཕྱིར་དུ་བརྟན་བཞུགས་འདོད་གསོལ་གདུང་བའི་དབྱངས་དང་སྙན་པའི་ཚིག་གི་ཕྲེང་བ་དབྱངས་ཅན་ངག་གི་རོལ་མོ་ཅི་དགར་དཀྲོལ་བར་མཛད།

ag (3).jpgag (2).jpg
ཁྲི་འདོན་མཛད་སྒོའི་སྐབས་དད་ལྡན་མང་ཚོགས་ཀྱིས་གླུ་གར་གྱི་མཆོད་པ་འབུལ་བ།

   ༧ དེ་ནས་དད་ལྡན་མང་ཚོགས་རྣམས་ནི་དགའ་དད་མོས་གསུམ་གྱིས་རབ་ཏུ་གདུང་ནས་ལུས་གུས་པའི་མཆོད་འབུལ་མཛེས་པའི་རྒྱན་དང་གར་གྱི་སྟངས་སྟབས། ངག་གདུང་བའི་མཆོད་འབུལ་སྙན་པའི་ངག་དང་འདོད་གསོལ་དབྱངས་ཀྱི་རྣམ་པ་ཀུན་ཏུ་དགའ་བའི་མཆོད་པའི་སྤྲིན་ཆེན་པོས་འདྲེན་པ་གང་གི་ཐུགས་ཡེ་ཤེས་འཁོར་ལོ་ཡོངས་སུ་མཉེས་པ་དང་འགྲོ་བའི་རྒྱུད་ལ་ཚོགས་ཀྱི་ས་བོན་བཟང་པོ་ཐེབས་པར་གྱུར་ཏོ། །

གང༵་ནས་སྤྲུལ་པ་ཐུགས་རྗེའི་གཏེར་ཆེན་པོ།།
གང༵་ལ་མེ་ཏོག་ཕོག་པའི་ལྷ་སྐལ་ཏེ།།
གང༵་གི་ཕྲིན་ལས་འཛུམ་པའི་རྩེ་དགའ་ལས།།
གང༵་དག་ཆ་ཙམ་འདི་རུ་གླེང་བར་བྱས།།

དེ༵་ལ་བརྟེན་ནས་གང་གི་ཡིན་ལུགས་ཀྱི།།
དེ༵་ཉིད་རི་མོ་བཞིན་ཏུ་གསལ་བར་བྱས།།
དེ༵་ཡི་དགེ་བས་གདུལ་བྱ་རྨོངས་པའི་སྨག །
དེ༵་སྐད་ཉིད་དུ་དྲུང་ནས་སེལ་བར་གྱུར།།

རབ༵་འབྱམས་རྒྱལ་བའི་སྤྱི་གཟུགས་སྤྲུལ་པའི་སྐུ།།
རབ༵་དཀར་ཚོགས་གཉིས་མཐུ་ལས་ལེགས་འཁྲུངས་ནས།།
རབ༵་རྨོངས་གདུལ་བྱའི་རྒུད་པ་དྲུང་ནས་འབྱིན།།
རབ༵་ཏུ་དགེ་བའི་དཔལ་ལ་སྤྱོད་གྱུར་ཅིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།