《བོད་ཡིག་ཚིག་མཛོད་ཆེན་མོ་》ལས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཕྱོགས་བསྡུས་ཚོགས་འདུ་འཚོགས་པ།

[ཟླ་ཚེས། 2015-03-31 17:07:34][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2015/3/30/ཉིན་༼བོད་ཡིག་ཚིག་མཛོད་ཆེན་མོ་༽ལས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཕྱོགས་བསྡུས་ཚོགས་འདུ་དེ་
བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པས་བསྡུ་བསྐང་གནང་བ།
36.jpg
རྩོམ་སྒྲིག་ཚོགས་པའི་མི་སྣ་ལྷན་རྒྱས།

སྐབས་འདིར་ཚོགས་ཞུགས་གནང་མཁན་བོད་ཡིག་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་འགན་འཛིན་རྒན་འཇམ་དགའ་ལགས་དང་། བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་པའི་རྩོམ་སྒྲིག་པ་དང་དེའི་འགན་འཛིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དབྲ་ཁྱུང་སྐལ་བཟང་ནོར་བུ། སེང་སྤྲུལ་རིག་འཛིན་ཉི་མ། ཨ་གྲགས་ཤེས་རབ་དཔལ་ཆེན། པཎ་ཙ་བསྟན་འཛིན་དར་རྒྱས། རྟོགས་ལྡན་བསྐལ་ཁོ་བཅས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་རྒྱུན་ལས་རྣམ་པ་དྲུག་དང་། དེ་ནས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ལས་ཞུགས་མི་སྣ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་། དགེ་བཤེས་བསོད་ཀོ། རིན་སྤུངས་ཚུལ་བསྟན་རྣམས་ཚོགས་འདུར་ཕེབས་ཡོད་པ་རེད།

13.jpg
རྩོམ་སྒྲིག་ཚོགས་པའི་འགན་འཛིན་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ནས་གསུང་བཤད་གནང་བཞིན་པ།
15.jpg
༼བོད་ཡིག་ཚིག་མཛོད་ཆེན་མོ་༽ཡི་སྤྱི་ཁྱབ་འགན་འཛིན་པ་རྒན་འཇམ་དགའ་ནས་གསུང་བཤད་གནང་བཞིན་པ།

   བོད་ཡིག་ཚིག་མཛོད་ཆེན་མོའི་ལས་འཆར་འདི་ཐོག་མར་༢༠༠༤ལོ་ནས་གླེང་འགོ་ཚུགས་ལ་དེ་ནས་༢༠༠༧ལོར་སྲིད་གཞུང་གིས་ཆོག་མཆན་དངོས་སུ་ཐོབ། ལས་འཆར་འདི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་ཆེས་གལ་ཆེའི་དོན་སྙིང་ལྡན་པའི་ལས་ཀ་ཞིག་རེད། ལས་དོན་འདི་འགྲུབ་ན་བོད་ཀྱི་དཔལ་ཡོན་ཀུན་འདུས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཞིག་ཡིན། དེ་ནས་རིམ་བཞིན་རྒྱལ་ཡོངས་བོད་རིགས་འདུས་སྡོད་ཁུལ་གྱི་ཞིང་ཆེན་སོ་སོར་འབྲེལ་བ་གནང་ནས་ལས་འགོ་བརྩམས་པས། ༢༠༠༧ལོར་ལས་དོན་འདིའི་གནས་ཚུལ་ཤེས་རྟོགས་བྱུང་སྐབས་བོན་གྱི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས་དང་། ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། མཁན་པོ་ཚེ་རིང་ནོར་བུ་སོགས་བོན་གྱི་མི་སྣ་ཁག་གཅིག་བོད་ཡིག་ཚིག་མཛོད་ཆེན་མོའི་ལས་འཆར་འགན་འཛིན་མི་རིགས་དཔེ་སྐྲུན་ཁང་གི་རྒན་འཇམ་དགའ་ལ་ལས་དོན་འདིའི་འཆར་གཞི་གང་ཡོད་དང་། ད་བར་བོན་གྱི་ཤེས་རིག་ལོ་རྒྱུས་ཀྱི་ཐ་སྙད་སྐོར་དེ། དེ་སྔོན་ཚིག་མཛོད་ཁག་ནང་མེད་ཚུལ་དང་ལྷག་ཏུ་དེ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་གཅིག་ན་བོན་གྱི་ཐ་སྙད་ཉུང་བ་དང་། གཉིས་ན་བོན་གྱི་ཐ་སྙད་རེ་ཟུང་ཡོད་པ་དེ་དག་གོ་བ་ཕྱིན་ཅི་ལོག་ཏུ་སོང་ཚུལ། གསུམ་ན་ད་ལན་ཐེངས་འདིའི་ལས་དོན་སྐབས་སུ་བོན་གྱི་ཐ་སྙད་སྐོར་དོ་སྣང་ངེས་པར་དུ་གནང་དགོས་ཚུལ་ཞུས་སྐབས་ཁོང་གིས་ད་ལན་ལས་དོན་འདི་འཕྲལ་དུ་ཆེས་གཞི་རྒྱ་ཆེ་ལ་རྙོག་འཛིང་རང་བཞིན་ལྡན་པའི་ལས་ཀ་ཞིག་ཡིན་ལ། ཡུན་དུ་ཆེས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་འགན་ཞིག་ཡིན་པས་ཁྱེད་ཚོའི་བསམ་འཆར་དེ་དག་དང་ལེན་ཞུ་གི་ཡོད་ལ། དེ་སྔོན་དཔར་སྐྲུན་བྱས་པའི་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་བོན་གྱི་ཐ་སྙད་མང་པོ་མེད་པ་དེ་གཅིག་ནི་ང་ཚོས་བོན་པོའི་སྐོར་ཆ་རྒྱུས་དེ་ཙམ་མེད་པ་དང་། གཉིས་ནི་སྐབས་དེར་བོན་གྱི་ཕྱོགས་ནས་མཁས་པ་དང་བླ་མ་སུས་ཀྱང་ང་ཚོ་ལ་འབྲེལ་བ་གནང་མཁན་མ་བྱུང་། ད་ལན་ལས་འཆར་འདིའི་ནང་ཁྱེད་རང་ཚོ་ཞུགས་ཐུབ་ན་གཅིག་ནི་དེ་སྔོན་དཔར་སྐྲུན་བྱས་པའི་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་བོན་གྱི་ཐ་སྙད་ནོར་བ་དེ་དག་བཟོ་བཅོས་བྱེད་ཆོག་པ་དང་། གཉིས་ནི་ད་ལན་གོ་སྐབས་འདི་དང་བསྟུན་ནས་བོན་པོའི་ཐ་སྙད་མང་ཙམ་བཞག་ཐུབ་ན་ཕན་ཐོག་ཡོད་ཚུལ་གསལ་བཤད་གནང་། དེ་ནས་ལས་དོན་དེ་གལ་པོ་ཆེ་ལ་ནན་ཏན་དུ་བརྩིས་ནས། ༢༠༠༨ལོར་མདོ་དབུས་ཁམས་གསུམ་དུ་བཞུགས་པའི་བོན་གྱི་ཤེས་ལྡན་མི་སྣ་དུ་མར་འབྲེལ་བ་བྱས་ཀྱང་དེ་ཙམ་གྲུབ་འབྲས་མ་ཐོན།

10.jpg
བགྲོ་གླེང་གནང་བཞིན་པ།

   དེ་ནས་༢༠༠༩-༡-༡༦ཉིན་རྒྱ་ནག་ཁྲི་འདུར་བོན་པོའི་བླ་སྤྲུལ་དང་ཤེས་ལྡན་མི་སྣ་ཉི་ཤུ་ཙམ་ཆེད་གཉེར་ལས་དོན་འདིའི་ཐད་ཚོགས་འདུ་ཞིག་བསྡུ་བསྐང་བྱས་སྐབས་མི་སྣ་དུ་མ་ཞིག་གིས་རྒྱབ་སྐྱོར་དང་ལས་འགོ་བརྩམས་རྒྱུའི་ཐག་བཅད་བྱས། ༢༠༠༩/༣/༡༣/ཉིན་གུས་པ་བོད་ནས་པེ་ཅིང་དུ་སོང་ནས་ཟླ་བ་གསུམ་རིང་། 《བོན་གྱི་ཐ་སྙད་ཕྱོགས་སྒྲིག་གི་སྤྱི་ཁོག་ཟིན་ཐོའི་》འཆར་གཞི་རྒྱས་པ་ཤོག་གྲངས་༨༠ཅན་དང་བསྡུས་པ་བཅུ་བཞི་ཅན་དེ་བཟོས་ལ། ལས་ཀ་འདི་གཞི་རྒྱ་ཆེ་ལ་རྙོག་འཛིང་དང་དཀའ་ངལ་ཅན་ཞིག་ཡིན་སྟབས་དུས་ཡུན་ཐུང་ཐུང་ནང་མི་གཅིག་གཉིས་ཙམ་གྱིས་འགྲུབ་ཐབས་མེད་པར་བརྟེན།

20.jpg

   དེ་ནས་བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་ཆུང་ཞིག་འཛུགས་རྒྱུའི་ཐད་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་པས་དེ་མོས་མཐུན་གནང་ནས་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་རྒན་འཇམ་དགས། ༢༠༠༩/༦/༧/ཉིན་བོན་གྱི་མཁས་དབང་ཁག་གཅིག་དང་པེ་ཅིང་དུ་བཞུགས་པའི་མཁས་དབང་ཐུབ་བསྟན་ཕུན་ཚོགས། རྒན་ཚེ་རིང་ཐར་། ཕུར་ཁོ་སོགས་མི་སྣ་༡༥ལས་གྲུབ་པའི་ལས་དོན་འདིའི་ཐད་ཚོགས་འདུ་བསྡུ་བསྐང་གནང་ནས་མཁས་དབང་རྣམ་པའི་དགོངས་འཆར་བསྡུ་ལེན་དང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་མི་བསྐོ་བཞག་གཏན་ཁེལ་བཟོས། དེ་ཡང་བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་པའི་རྩོམ་སྒྲིག་པ་དང་དེའི་འགན་འཛིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་གནང་རྒྱུ་དང་། གཞན་ཡང་རྩོམ་སྒྲིག་རྒྱུན་ལས་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སེང་སྤྲུལ་རིག་འཛིན་ཉི་མ། ཨ་གྲགས་ཤེས་རབ་དཔལ་ཆེན། པཎ་ཙ་བསྟན་འཛིན་དར་རྒྱས། རྟོགས་ལྡན་བསྐལ་ཁོ་བཅས་མི་སྣ་དྲུག་དེ་གཏན་ཁེལ་བྱས། དེ་ནས་༢༠༠༩-༦-༡༥ཉིན་མི་རིགས་དཔེ་སྐྲུན་ཁང་ལ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་མི་ལྷན་རྒྱས་དང་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་ཚིག་མཛོད་ཆེན་མོའི་འགན་འཛིན་རྒན་འཇམ་དགའ་དང་བསྟན་འཛིན་བཀྲ་ཤིས་བཅས་ཐུན་མོང་གྲོས་ཆོད་དུ། དང་པོ་བོད་ཡིག་ཚིག་མཛོད་ཆེན་མོའི་ནང་རྩ་བའི་ཆ་ནས་བོན་གྱི་ཐ་སྙད་ཁྲི་གཅིག་ཙམ་འཇོག་རྒྱུ་དང་དེ་ནས་བོན་གྱི་ཚིག་མཛོད་དེབ་གཅིག་དང་། བོན་གྱི་རྣམ་གྲངས་དེབ་གཅིག ཞང་བོད་སྐད་གཉིས་ཤན་སྦྱར་དེབ་གཅིག་བཅས་བཟོ་རྒྱུའི་ཐག་བཅད། དེ་ནས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་མི་སོ་སོར་ལས་བགོས་རྒྱབ་པ་ནས་བཟུང་ད་བར་ལས་ཀ་བྱེད་མུས་དང་ཉམས་མྱོང་ཕྱོགས་བསྡུས་བྱེད་མུས་ཀྱིས་ཕལ་ཆེར་ལོ་ངོ་བདུན་ཙམ་ཕྱིན་ཡོད།

06.jpg
རྩོམ་སྒྲིག་པ་དབྲ་ཁྱུང་སྐལ་བཟང་ནོར་བུ་ནས་གསུང་བཤད་གནང་བཞིན་པ།
01.jpg
རྩོམ་སྒྲིག་པ་སེང་སྤྲུལ་རིག་འཛིན་ཉི་མས་གསུང་བཤད་གནང་བཞིན་པ།
27.jpg
རྩོམ་སྒྲིག་པ་ཨ་གྲགས་ཤེས་རབ་དཔལ་ཆེན་ནས་གསུང་བཤད་གནང་བཞིན་པ།
00.jpg
རྩོམ་སྒྲིག་པ་པཎ་ཙ་བསྟན་འཛིན་དར་རྒྱས་ནས་གསུང་བཤད་གནང་བཞིན་པ།
02.jpg
རྩོམ་སྒྲིག་པ་རྟོགས་ལྡན་བསྐལ་ཁོ་ནས་གསུང་བཤད་གནང་བཞིན་པ།

   ད་ལན་༢༠༡༥-༣-༣༠ཉིན་ལས་འགོ་ཚུགས་ནས་ད་བར་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་མི་རྣམས་ཀྱིས་ལས་ཀ་བྱས་པ་དེ་དག་ཕྱོགས་བསྡུས་བྱས་ཏེ་རྩ་བའི་ཆ་ནས་བོན་གྱི་ཚིག་མཛོད་སྡེ་ཚན་བདུན་དུ་བྱས་ཏེ། དང་པོ་བོན་གྱི་ཐ་སྙད་སྤྱི་ལ་ཤོག་གྲངས། ༦༠༠ ཡས་མན་དང་། སྡེ་ཚན་གཉིས་པ་བོན་གྱི་མི་སྣ་བརྒྱད་བརྒྱ་ལྷག་ཙམ་གྱི་ངོ་སྤྲོད་ཤོག་གྲངས། ༥༠༠ཙམ། སྡེ་ཚན་གསུམ་པ་བོན་གྱི་དགོན་སྡེ་རི་ཁྲོད་དྲུག་བརྒྱ་ཙམ་གྱི་ལོ་རྒྱུས་ངོ་སྤྲོད། སྡེ་ཚན་བཞི་པ་བོན་གྱི་གནས་རི་བསྒྲུབ་གནས་བརྒྱ་ཕྲག་གི་ངོ་སྤྲོད་དང་ལོ་རྒྱུས་ཤོག་གྲངས། ༢༠༠ཙམ། སྡེ་ཚན་ལྔ་པ་བོན་གྱི་གསུང་རབས་ངོ་སྤྲོད་བོན་གྱི་བཀའ་འགྱུར་པོད་ ༡༧༨དང་། བརྟེན་འགྱུར་པོད་ ༣༢༠ ད་དུང་སྲིད་པ་རྒྱུད་ཀྱི་བོན་སྐོར་ངོ་སྤྲོད་ཤོག་གྲངས། ༢༠༠ལྷག་ཙམ། སྡེ་ཚན་དྲུག་པ་ཞང་ཞུང་གི་ཐ་སྐད་སྐོར་ཤོག་གྲངས། ༢༠༠ལྷག་ཙམ། སྡེ་ཚན་བདུན་པ་བོན་གྱི་རྣམ་གྲངས་ཆེན་མོ་ཤོག་གྲངས། ༢༠༠༠ལྷག་བཅས་གཞི་རྩའི་ཆ་ནས་རྩོམ་སྒྲིག་གྲུབ་ཡོད་ལ།

32.jpg
རྩོམ་སྒྲིག་ལས་ཞུགས་མི་སྣ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་གསུང་བཤད་གནང་བཞིན་པ།
37.jpg
རྩོམ་སྒྲིག་ལས་ཞུགས་མི་སྣ་དགེ་བཤེས་བསོད་ཀོ་ནས་གསུང་བཤད་གནང་བཞིན་པ།
34.jpg
རྩོམ་སྒྲིག་ལས་ཞུགས་མི་སྣ་རིན་སྤུངས་ཚུལ་བསྟན་ནས་གཏམ་བཤད་གནང་བཞིན་པ།

   པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་བོད་ཡིག་ཚིག་མཛོད་ཆེན་མོའི་ལས་འཆར་ནང་ནས་འདི་ལོར་དཔར་སྐྲུན་གནང་རྒྱུ་ལ། བོད་ཀྱི་དགོན་སྡེའི་སྐོར་དང་། བོད་ཀྱི་ཆོས་ལུགས་མི་སྣའི་སྐོར་གཉིས་ཐོག་མར་དཔར་སྐྲུན་གནང་རྒྱུར་ཐུགས་གཏན་ཁེལ་བའི་ནང་གོང་གསལ་བོན་གྱི་དགོན་སྡེའི་སྐོར་དང་། བོན་གྱི་མི་སྣའི་སྐོར་དེ་གཉིས་སྡེ་ཚན་སོ་སོའི་ནང་འགྲོ་རྒྱུ་དང་། དེ་མིན་གཞན་ལ་མེད་པའི་བོན་གྱི་ཐུན་མིན་ཞང་ཞུང་གི་ཐ་སྙད་སྐོར་དང་། བོན་གྱི་རྣམ་གྲངས་ཆེན་མོ་གཉིས་དེ་འདི་ལོར་དཔར་རྒྱུ་དང་། ཞུས་དག་སོགས་གཏན་འཁེལ་སྒྲོམ་བུ་དེ་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པས་འདི་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་མཇུག་ལ་བོད་ཡིག་ཚིག་མཛོད་ཆེན་མོའི་འགན་འཛིན་མཆོག་ལ་རྩིས་སྤྲོད་བྱེད་རྒྱུའི་གྲོས་ཐག་བཅད་ལ། བོན་གྱི་སྡེ་ཚན་གཞན་པ། བོན་གྱི་ཐ་སྙད་སྤྱི་དང་། བོན་གྱི་གནས་རི་སྒྲུབ་གནས་སྐོར། ལྷ་དང་སྲུང་མའི་སྐོར། བོན་གྱི་གསུང་རབ་སྐོར་བཅས་དེ་ལོ་རིམ་ལྟར་མི་རིགས་དཔེ་སྐྲུན་ཁང་གི་དཔར་སྐྲུན་ལས་འཆར་ལྟར་འགྲོ་ནས་དཔར་རྒྱུ་དང་། སྡེ་ཚན་སོ་སོའི་ཞུས་དག་དང་ཐ་མའི་གཏན་འཁེལ་སྒྲོམ་བུ་དེ་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པས་བཟོ་ནས་བོད་ཡིག་ཚིག་མཛོད་ཆེན་མོའི་འགན་འཛིན་མཆོག་ལ་རྩིས་སྤྲོད་གནང་རྒྱུའི་གྲོས་ཐག་བཅད་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།