ཁྱུང་ཡུལ་ཀོ་རྒྱལ་དགོན་དུ་སྐབས་བཞི་པའི་ཚད་མའི་རིག་སྒྲ་འཚོགས་པ།
[ཟླ་ཚེས། 2014-09-09 18:57:44][རྩོམ་པ་པོ། ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དེ་ཡང་སྒྲ་ཚད་སྨྲ་བའི་ལོ་པན་ཆེན་མོ་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱི་ཞལ་སྔ་ནས། གང་ཞིག་བགྲོས་རྩོད་མཆོག་གྱུར་པ། །རིགས་བཟང་སྒོ་གཙང་སྦྱངས་འཕྲོ་བླང་། །ནམ་མཁའ་འདྲ་བའི་གནས་ཡུལ་དུ། །ཉི་ཤར་འདྲ་བའི་དཔོན་གསས་ལ། །སྒྲོན་མེ་འདྲ་བའི་བློ་སྦྱངས་པས། །འོད་གསལ་འདྲ་བའི་སྡེ་སྣོད་འབྱངས། །ཞེས་དང་། བཀའ་བགྲོས་བདེ་ཉམས་བསྡུར་ལ་མཁས། །རྩོད་པས་ལོག་རྟོག་འཇོམས་པར་བྱེད། །ཅེས་བསྔགས་ཤིང་། གཞུང་ལུགས་རྒྱ་མཚོར་བསྒྲོད་པའི་གྲུ་ཁ་ཆེན་པོ་སྟེ། རྩོད་པ་བོན་གྱི་འཁོར་ལོ་ཞེས་སུ་བྱ་བ་འདི་དག་སྟོན་པ་གཤེན་རབ་ཀྱིས་བོན་འཁོར་ཚིག་བཞི་སྟོན་པའི་མདོ་ལས་གསུངས་ཤིང་། རྒྱལ་སྲས་སེམས་དཔའི་ཚོགས་ཀྱིས་བཀྲལ་བའི་ཡན་ལག་དུ་མ་ཡོད་ཀྱང་། དེ་དག་གཙོ་བོ་ཤེས་ལ་ཟུར་དུ་འཇོག་པའི་སྐོར་དུ་གྱུར་ཕྱིར་གཞན་སྡེ་ལྟར་ཀུན་ཏུ་འཕེལ་ཞིང་རྒྱས་པ་ཞིག་མིན་མོད། ཐུབ་བསྟན་བོད་དུ་དར་བའི་དུས་སྐབས་སུ་ཡོད་པའི་ལི་ཤུ་ཚད་མའི་སྐོར་སོགས་ཀྱིས་བསམ་ཡས་ཆོས་རྩོད་ཀྱི་སྐབས་སུ་བོན་པོ་ཚོས་ཁས་ལེན་གྱི་ལྟ་གྲུབ་ཅི་ལྟ་བུ་ཞིག་མིན་པ་ཡང་གསལ་པོ་རེད། དེ་ལྟར་ན་གནམ་གྱི་ཁྲི་བདུན་སྐབས་སུ་བོན་གཤེན་ཚོ་དུས་ལྟར་འདུ་གནས་སུ་འཚོགས་ཏེ། བཀའ་བགྲོ་བ་དང་། བདེ་ཉམས་བསྡུར་བ་སོགས་ནི་དེང་གི་འདི་དག་དང་ཚུལ་མཚུངས་པར་སྙམ། དེ་ཡང་བསྟན་པ་ཕྱི་དར་སྐབས་སུ་ནས་བོད་དུ་ཚད་མ་རིག་པའི་གཞུང་ལུགས་འཕེལ་རྒྱས་རབ་ཏུ་འགྲོ་བ་དང་དུས་མཚུངས་བོན་གྱི་ཚད་མའི་གཞུང་ལུགས་ཀྱང་དེ་བཞིན་འཕེལ་བཞིན་ཡོད།
དེ་ལྟར་ཚད་མ་རིག་པའི་གཞུང་ལུགས་ལ་བརྩོན་པའི་སློབ་མ་ཚོའི་བློ་བསྐྱེད་འཕེལ་བའི་ཐབས་གལ་ཆེ་བ་ཞིག་ནི་ཕན་ཚུན་བསམ་ཚུལ་བརྗེ་རེས་ལྟ་བུའི་ཚད་མའི་རིག་སྒྲ་འཚོགས་པའི་ཐབས་འདི་ཉིད་ཡིན་ཞིང་།
ཁྱུང་ཡུལ་ཀོ་རྒྱལ་དགོན་དུ་ཚད་མའི་འཆད་རྩོད་དབུ་བརྙེས་པ་ནས་བཟུང་ཚད་མའི་རིག་སྒྲ་འགའ་ཞིག་སྔོན་དུ་འཚོགས་པ་ལས་ཐེངས་བཞི་པ་དེ་ད་ལོ་སྟེ་སྤྱི་ལོ་༢༠༡༤ལོའི་ཟླ་བ་༨་པའི་ཚེས་༢༦ཉིན་ནས་འགོ་བརྩམས་ནས་ཟླ་བ་༩་པའི་ཚེས་༨་བར་དུ་རྗེའི་ཚད་མའི་ལེའུ་དང་པོའི། བརྗོད་བྱ་རྗོད་བྱེད་དང་། སྤྱི་བྱེ་བྲག འགལ་འབྲེལ། དགག་སྒྲུབ། མཚན་མཚོན་སོགས་ཀྱི་སྐོར་ནས་འཆད་རྩོད་ཀྱི་འདུ་ར་འཚོགས་ཤིང་།
ཉིན་ལྟར་སྔ་དྲོའི་དུས་ཚོད་དགུ་པ་ནས་བཅུ་པའི་བར་དུ་འཆད་རར་རྩོད་སྦྱོང་དང་། བཅུ་པ་ནས་བཅུ་གཅིག་བར་དུ་འཆད་ཁྲིད། བཅུ་གཅིག་ནས་བཅུ་གཉིས་བར་དུ་རྩོད་སྦྱོང་། བཅུ་གཉིས་ནས་དགུང་ཚིགས་བཞེས་པ་དང་། ཕྱི་དྲོའི་ཆུ་ཚོད་ལྔ་པའི་ཐོག་ནས་དགོན་ཁག་རེ་རེར་སྡོད་པའི་དམ་བཅའ་འཚོགས་པ་སོགས་དང་། བདུན་གཉིས་པའི་ཉིན་ཕྱི་མ་གཉིས་སུ་འདིར་འཚོགས་པའི་བཤད་གྲྭ་བ་རྣམས་ཤེས་རིག་ཁང་ཚན་དང་སྣང་གསལ་ཁང་ཚན་བཅས་ཁང་ཚན་གཉིས་སུ་བཅད་དེ་ཕན་ཚུན་རྩོད་པ་འགྲན་པའི་དམ་བཅའ་བཞག་པ་བཅས་ཡིན། བདུན་དང་པོའི་ངལ་གསོ་ཉིན་འདི་དགོན་གྱི་བཤད་སྒྲུབ་འདུས་སྡེས་ཕྱོགས་ཁག་ནས་ཕེབས་པའི་གྲྭ་བཙུན་རྣམས་པར་རང་བྱུང་སྨན་ཁྲུས་ཁང་དུ་སྟབས་བདེའི་ཐུགས་སྤྲོ་དང་སྐུ་ཁྲུས་གསོལ་བར་གདན་འདྲེན་ཞུས་པ་ཡིན།
དེ་ཡང་ད་ལན་ཧོར་ཁྱུང་གཉིས་ཀྱི་དགོན་སྡེ་བཅུ་གཅིག་ལ་ཚོགས་བརྡ་ཕུལ་བ་ལས་དངོས་སུ་དགོན་སྡེ་དྲུག་གི་གྲྭ་བཙུན་ཕེབས་འབྱོར་བྱུང་།
མཇུག་ཏུ་ངེད་ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེས་ཐེངས་འདིར་འཚོགས་པའི་འདུས་གྲྭ་ཡོངས་ལ་༼གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་༽ཞེས་པའི་ཁ་བྱང་ཅན་གྱི་དཔེ་ཁུག་རེ་དང་།
སྟོན་པའི་ཆ་ལུགས་དང་དགེ་འདུན་པའི་སྤྱོད་ལམ་སོགས་འཚོགས་པའི་དེབ་ཆུང་༼སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་ཞལ་གསུང་བདུད་རྩིའི་ཐིག་པ་༽ཞེས་པའི་དེབ་ཆུང་རེ། ཟླ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་རྗེས་དྲན་ལྷན་དུ་བཞུགས་པའི་༼སེམས་ཀྱི་ཉི་མ་ནུབ་པའི་དྲན་དེབ་༽ ཞེས་པའི་དེབ་རེ། ཀོ་རྒྱལ་བླ་བྲང་གིས་ཨ་ཁྲིད་སྔོན་འགྲོའི་བསགས་སྦྱང་སྒོམ་རིམ་གྱི་དཔེ་ཆ་རེ་བཅས་ལེགས་སྐྱེས་སུ་ཕུལ་ཏེ་བོན་བསྟན་རྒྱས་པའི་སྨོན་ལམ་དང་བཅས་མཇུག་ཡོངས་སུ་གྲུབ་པའོ།།
ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཡིག་ཚང་ནས་ ༢༠༡༤ ་༩ ༩ ཉིན།