སྦྲ་ཆེན་ཀླུ་ཕུག་དགོན་དུ་ཁྱད་པར་གསུམ་ལྡན་གྱི་ཆོས་ལུགས་མཛད་སྒོ་ཟབ་རྒྱས་སྤེལ་བ།

[ཟླ་ཚེས། 2014-09-05 14:29:59][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

                                                 བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་ཀླུ་ཕུག་དགོན་དུ་ཁྱད་པར་གསུམ་ལྡན་གྱི་མཛད་སྒོ་ཟབ་རྒྱས་སྤེལ་བ། 

                1_副本.jpg
      ད་ལམ་བོད་ལྗོངས། ནག་ཆུ་ས་ཁུལ། སྦྲ་ཆེན་རྫོང་ཁོངས་སུ་གནས་པའི་དཔལ་གཤེན་བསྟན་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་དགོན་དུ། སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ནས་སུམ་ཅུའི་བར་ཉིན་བཅུའི་རིང་དགོན་འདིར། དང་པོ་སྦྲ་ཆེན་རྫོང་ཡོངས་ཀྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལྷན་འཛོམས་ཀྱི་ཐེངས་དང་པོའི་གཡས་རུའི་འཆད་རྩོད་ཚད་མའི་རིག་སྒྲ་མཉམ་དུ་ཚོགས་ལ། གཉིས་པ་ལྗོངས་དང་ས་ཁུལ། རྫོང་ཤང་རིམ་པ་ཁག་བཞིའི་སྲིད་གཞུང་གི་ཆོག་མཆན་དང་འབྲེལ་བསླབ་གསུམ་ནོར་བུའི་མཛོད་འཛིན་གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་ཀླུ་ཕུག་དགོན་པའི་དཔོན་སློབ་ཁྲིར་གསོལ་དང་། གསུམ་པ་ཀླུ་ཕུག་དགོན་པའི་བཤད་སྒྲུབ་སློབ་ཐོན་པ་རྣམ་པ་བཞི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་པའི་མཛད་སྒོ་དང་གསུམ་མོ། དང་པོ་རྫོང་ཡོངས་ཀྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀླུ་ཕུག་དགོན་ལ་གཡས་རུའི་ འཆད་རྩོད་ཆེན་མོ་འཚོགས་པའི་སྐོར། གཡས་རུའི་འཆད་རྩོད་ཆེན་མོ་ནི་བསྟན་པ་ཕྱི་དར་སྐབས་སུ་བོན་གྱི་གདན་ས་སྔ་ཤོས་གཡས་རུ་དབེན་ས་ཁའི་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་སྲོལ་གཞིར་བཟུང་སྟེ་ཕྱིས་དཔལ་ལྡན་རྒྱལ་བ་སྨན་རི་ཚང་གི་ལག་བསྟར་གནང་བ་གཞིར་བཅས་དེང་གི་ཆར་བོད་ཡུལ་མདོ་དབུས་ཁམས་གསུམ་གང་སར་བོན་དགོན་བཤད་སྒྲུབ་སློབ་གཉེར་ཡོད་སའི་ས་ཕྱོགས་ཀུན་ལ་ལོ་ལྟར་འཆད་ཉན་སློབ་པ་ལམ་ཞུགས་བ་རྣམས་རིག་ལམ་འཕེལ་ཐབས་དང་། ཕན་ཚུན་མཐུན་འབྲེལ་གོང་བུ་གཅིག་གྱུར་དང་། བགྲོ་གླེང་གི་རྣམ་པ་སོགས་དགོས་པ་རྒྱུ་མཚན་དུ་མའི་སྒོ་ནས་ས་ཕྱོགས་གང་སར་ཚད་མའི་རིག་སྒྲ་ཚོགས་དང་འཚོགས་མུས་སུ་གནས་ཡོད། དེ་སྔོན་སྦྲ་ཆེན་རྫོང་ལ་མཚོན་ན། ཀླུ་ཕུག་དགོན་དང་། སྤ་ཚང་དགོན་སོགས་དགོན་པ་སོ་སོར་ཚད་མའི་རིག་སྒྲ་ཐེངས་ཁ་ཤས་ཚོགས་ཡོད་ཀྱང་། རྫོང་ཡོངས་བཤད་སྒྲུབ་སློབ་གཉེར་བ་ཀུན་ཀླུ་ཕུག་དགོན་དུ་ལྷན་འཛོམས་གནང་རྒྱུ་དེ་ད་ལམ་ཀླུ་ཕུག་དགོན་པས་འབྲེལ་ཡོད་སྲིད་གཞུང་ཁག་ལ་འགྲོ་ལུགས་བརྒྱུད་དེ་མཐར་ཆོག་མཆན་ཐོབ་པས། སྤྱི་ལོ་ ༢༠༡༤ལོའི་སྤྱི་ཟླ་༨ཚེས་༢༡ཉིན་སྦྲ་ཆེན་རྫོང་ཡོངས་ཀྱི་བཤད་གྲྭ་བ་ཡོངས་དང་། དགེ་བའི་བཤེས་གཉེན་དང་། དགེ་རྒན་རྣམ་པར་ཕེབས་འབྱོར་བྱུང་སྟེ། ཀླུ་ཕུག་དགོན་དུ་གཡས་རུའི་འཆད་ཚོགས་ཐེངས་དང་པོ་འཚོགས་འགོ་བརྩམས་ཤིང་། སྐབས་འདིར་ཆེད་ཕེབས་དགེ་རྒན་ཀླུ་ཕུག་དགོན་པའི་དཔོན་སློབ་གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་དང་། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དབྲ་ཚ་དགེ་བཤེས་གཤེན་བསྟན་རབ་གསལ། སྤུ་ལ་དགེ་བཤེས་བཤད་སྒྲུབ་ཉི་མ། རྡོ་བ་དགེ་བཤེས་ཤེས་རབ་ལྷུན་གྲུབ། ལུང་དཀར་དགེ་བཤེས་བསྟན་འཛིན་འགྱུར་མེད། ལུང་དཀར་བཤད་སྒྲུབ་ཚོགས་གཙོ་ཇོ་མ་གཡུང་དྲུང་བསྟན་འཛིན། སྤ་ཚང་དགེ་བཤེས་བློ་གྲོས་རྒྱལ་མཚན། ཁྲོམ་ཚང་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས། ཁྲོམ་ཚང་དགེ་བཤེས་གཡུང་དྲུང་བསྟན་པ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ཆེད་དུ་ཕེབས་ལ། གཞན་ཡང་ཀླུ་ཕུག་དགོན་དང་། སྤ་ཚང་དགོན། ལུང་དཀར་དགོན། སྤུ་ལ་དགོན། ཁྲོམ་ཚང་དགོན་བཅས་ཀྱི་བཤད་སྒྲུབ་སློབ་གཉེར་བ་ཉིས་བརྒྱ་ལྷག་ཙམ་ལ་ཉིན་བདུན་རིང་དགེ་བཤེས་མཛད་སྒོ་དང་འབྲེལ་སྔ་དྲོར་དཔེ་ཁྲིད་དང་ཕྱི་དྲོར་འཆད་ར་འཚོགས་ཤིང་། དེ་ནས་འཆར་ཅན་ལྟར་གཡས་རུའི་འཆད་རྩོད་ཆེན་མོའི་སྐབས་སུ་དཔེ་ཁྲིད་ཀྱི་གཞུང་གཙོ་བོ་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས(མཆོག་གིས་མཛད་པའི་༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཅེས་བྱ་བའི་གཞུང་འདི་སྐབས་བབས་ཀྱི་ཁྲིད་གཞུང་མཛད་དེ། ཉིན་དང་པོ་ཀླུ་ཕུག་དགོན་པའི་དཔོན་སློབ་གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་གིས་དཔེ་ཁྲིད་ཀྱི་དབུ་བརྩམས་ལ། ཉིན་གཉིས་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་སྤྱིར་གཡས་རུའི་འཆད་རྩོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་དཔེ་ཁྲིད་གནང་ལ། ཉིན་གསུམ་པ་དབྲ་ཚ་དགེ་བཤེས་གཤེན་བསྟན་རབ་གསལ། ཉིན་བཞི་པར་ལུང་དཀར་དགེ་བཤེས་བསྟན་འཛིན་འགྱུར་མེད། ཉིན་ལྔ་པར་སྤ་ཚང་དགེ་བཤེས་བློ་གྲོས་རྒྱལ་མཚན་རྣམས་ཀྱིས་ཉིན་སོ་སོའི་སྔ་དྲོར་དཔེ་ཁྲིད་གནང་ཞིང་། ཕྱི་དྲོར་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་རྟེན་འབྲེལ་གྱི་ཚུལ་དུ་སྔར་དབེན་ས་ཁ་ལྟར་གླིང་སྟོད་དང་། གླིང་སྨད། གླིང་སྐེད། གླིང་ཟུར་ཞེས་སྡེ་ཚན་ཁག་བཞི་བགོས་ཏེ་སྐབས་འགར་ལྷན་ཚོགས་དང་། སྐབས་འགར་གླིང་སོ་སོར་ཐུག་རྒྱབ་པ་སོགས་ད་ལན་སྦྲ་ཆེན་རྫོང་ཡོངས་ཀྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལྷན་འཛོམས་ཚོགས་ཐེངས་འདིར་རྟེན་འབྲེལ་གྱི་ཚུལ་དུ་ཐེངས་དང་པོའི་ཉིན་བདུན་རིང་རྩོད་དཔང་དུ་བཞུགས་པའི་དགེ་བཤེས་རྣམ་པ་དང་། སློབ་གཉེར་བ་རྣམས་ཀྱིས། མ་རྟོགས་མུན་པ་སེལ་བའི་སྒྲོན་མེ། ལོག་རྟོག་བྲག་རི་གཞོམ་པའི་ཐོག་མདའ། ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། བསྟན་པ་བྱི་དོར་བྱེད་པའི་ཐབས་ཀྱི་སྙིང་པོ། རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་བསྐོར་བར་མཛད་པའོ།

                      2_副本.jpg

                                                       གླིང་སོ་སོའི་དམ་བཅའ་བ་དང་རིག་ལམ་པ་རྣམས་ཕན་ཚུན་ཐུག་རྒྱག་བཞིན་པ།

                      3_副本.jpg

                                                            མཚན་ཉིད་སློབ་གཉེར་རྣམས་ཕན་ཚུན་རྟགས་བསལ་གྱི་བགྲོ་གླེང་རྣམ་པའི་ཟུར་གཅིག
                                   གཉིས་པ་གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་ཀླུ་ཕུག་དགོན་པའི་དཔོན་སློབ་ཁྲིར་གསོལ་སྐོར།

                                           01_副本.jpg

                  གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་དཔོན་སློབ་ཁྲི་བཞེངས་ཀྱི་དང་ཐོག་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་བ།
བསླབ་གསུམ་ནོར་བུའི་མཛོད་འཛིན་དགེ་བའི་བཤེས་གཉེན་ཁོང་ནི། ཇི་སྐད་དུ། ཆུང་ནས་དད་པའི་སེམས་བསྐྱེད་ཅིང་། རྒྱུན་དུ་དགེ་བའི་ལས་ལ་བརྩོན། ཞེས་གསུངས་པ་ལྟར་ཆུང་ནས་དགེ་བའི་སྒོར་ཞུགས་ཤིང་། སྣོད་ལྡན་གྱི་བླ་མ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཤིང་། ཁྱད་པར་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་དུ་བགྲང་བྱ་བཅུ་ཕྲག་ལྷག་རིང་། བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་རིག་པའི་གཞུང་ལུགས་ཆ་ཚང་དང་། རིག་གནས་ལོ་རྒྱུས་དང་བཅས་པར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་སྦྱངས་པ་མཐར་ཕྱིན་མཛད་དེ་སྤྱི་ལོ་༢༠༠༠ལོར་དགེ་བའི་བཤེས་གཉེན་གྱི་མཚན་གྱི་ཅོད་པན་གཙུག་ཏུ་བཞེས། དེ་ནས་ལོ་ངོ་གཉིས་རིང་བལ་ཡུལ་ཡོངས་འཛིན་རིན་པོ་ཆེའི་མདུན་སྔགས་རྫོགས་སྐོར་རྣམས་ཁྲིད་གདམས་ཀྱི་མན་ངག་གང་ཟབ་རྣམས་སྐྱར་གསན་གྱི་ཚུལ་དུ་སློབ་སྦྱོང་དང་དག་ཐེར་ནན་པོ་མཛད། དེ་ནས་སྤྱི་ལོ་༢༠༠༢ལོར་གཅེས་པའི་རང་ཡུལ་ཁ་བའི་ཞིང་དུ་ཕྱིར་ཕེབས་མཛད། དེ་ནས་ལོ་ཤས་རིང་ཞིབ་འཇུག་དང་འབྲེལ་བའི་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་སོགས་ལྗགས་བརྩམས་གནང་ལ། ༢༠༠༧ལོར་ཀླུ་ཕུག་དགོན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་ཚུགས་པ་ནས་བཟུང་ད་བར་ལོ་ངོ་བཅུ་ལ་ཉེ་བའི་དུས་འདིར་ཐོས་པ་གཙོ་བོར་གཉེར་བའི་མཚན་ཉིད་གྲྭ་ཚང་དང་། སྒོམ་པ་དོན་གཉེར་གཙོ་བོར་གནང་མཁན་སྒྲུབ་པ་གྲྭ་ཚང་གི་སློབ་མ་བརྒྱ་ཕྲག་ལ་འཁོར་ཡུག་གི་ཆ་རྐྱེན་དང་། ཟས་གོས་གནས་མལ་སོགས་ཀྱི་ཆ་རྐྱེན་ཡོད་མེད་ལ་མ་ལྟོས་པར་ཐོས་བསམ་དོན་གཉེར་གྱི་སྐལ་ལྡན་བུ་སློབ་རྣམས་ལ་སྦྱིན་པ་གསུམ་གྱི་ཡ་གྱལ་བོན་སྦྱིན་རྒྱ་ཆེར་མཛད། ༢༠༡༣ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཁོང་ལ་དགེ་རྒན་རིམ་པ་དང་པོའི་ཕྱག་འཁྱེར་བསྩལ།

                                            04_副本.jpg
          འདི་ལོར་ལྗོངས་དང་ས་ཁུལ། རྫོང་ཤང་རིམ་པ་ཁག་བཞིའི་སྲིད་གཞུང་གི་ཆོག་མཆན་དང་འབྲེལ་སྤྱི་ཟླ་༨ཚེས་༢༨ཉིན་བསླབ་གསུམ་ནོར་བུའི་མཛོད་འཛིན་གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་ཀླུ་ཕུག་དགོན་པའི་དཔོན་སློབ་ཁྲིར་གསོལ་མཛད་སྒོ་དབུ་ཚུགས་ཏེ། དཔོན་སློབ་མཆོག་གཟིམ་ཤག་ནས་དུང་རྒྱ་གླིང་དང་སྤོས་འདྲེན་གྱི་སྣ་དྲངས་ནས་གསས་ཁང་གཡུང་དྲུང་བཀྲ་གསལ་ཁང་དུ་མི་འཇིག་གདོང་ལྔའི་ཁྲི་ལ་འཁོད་རྗེས། དཔལ་གཡུང་དྲུང་རབ་ལེགས་གླིང་གི་མཁན་རིན་པོ་ཆེ་གཙོས་ཆེད་ཕེབས་བླ་སྤྲུལ་དགེ་བཤེས་རྣམས་དང་ཀླུ་ཕུག་དགོན་པའི་ལྷ་འབངས་བོན་འབྲོག་ལྷ་སྡེ་ཡོངས་ནས་དཔོན་སློབ་མཆོག་ཞབས་པད་གཡུང་དྲུང་ཁྲི་ལ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་དང་མཇལ་དར། མཎྡལ་སྐུ་གསུང་ཐུགས་རྟེན་རིམ་བཞིན་རྒྱས་འབུལ་ཞུས། དེ་ནས་ཉིད་ཀྱི་འཁྲུངས་ཡུལ་རྫ་སྲིབ་ཤོག་ཁ་དང་། གླང་རིའི་གཙང་ཚྭ། བྲ་བོ་ཤོག་ཁ་སོགས་ཀྱིས་དཔོན་སློབ་རིན་པོ་ཆེ་གཙོས་པའི་བསླབ་གསུམ་འདུས་སྡེ་རྒྱ་མཚོར་མང་ཇ་དང་སྐུ་འགྱེད་རྒྱས་འབུལ་ཞུས་པ་བཅས་སོ།

                                              02_副本.jpg

                       དཔོན་སློབ་རིན་པོ་ཆེ་མཆོག་ལ་དགོན་གཞུང་གཙོས་རྒྱ་ཆེའི་ཚོ་ཤོག་སྡེ་གསུམ་གྱིས་མཎྡལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུ་བ།
                                                                    གསུམ་པ་ཀླུ་ཕུག་དགོན་པའི་དགེ་བཤེས་མཛད་སྒོའི་སྐོར། 

                 9 (2)_副本.jpg

                                                 ཀླུ་ཕུག་དགོན་པའི་དགེ་བཤེས་མཛད་སྒོ་ཐེངས་དང་པོའི་སྐབས་སུ་བཀའ་རམ་པ་རྣམ་པ་ལྷན་རྒྱས་བཞི།
      ཀླུ་ཕུག་དགོན་པའི་དགེ་བཤེས་མཛད་སྒོ་ཐེངས་དང་པོའི་སྐབས་སུ་རབ་འབྱམས་པ་ཞུ་གཡས་དྲང་སྲོང་གཡུང་དྲུང་རྒྱ་མཚོ་དང་། ཞུ་གཡས་དྲང་སྲོང་སྨོན་ལམ་རྒྱ་མཚོ། བྲ་བོ་དྲང་སྲོང་བརྩོན་འགྲུས་རྒྱལ་མཚན། གཙང་ཚྭ་དྲང་སྲོང་ཚུལ་ཁྲིམས་བཀྲ་ཤིས་བཅས་བཀའ་རམ་པ་བཞི་སློབ་ཐོན་བྱུང་ཞིང་། ཁོང་རྣམ་པ་དང་ཐོག་ཀླུ་ཕུག་དགོན་དུ་མཚན་ཉིད་མ་ཚུགས་གོང་སྤ་ཚང་དགོན་སོགས་དགོན་ཁག་གཞན་ལ་སློབ་གཉེར་གནང་ཞིང་། དེ་རྗེས་སྤྱི་ལོ་༢༠༠༧ལོར་ཀླུ་ཕུག་དགོན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་ཚུགས་པ་ནས་བཟུང་ད་བར་ལོ་ངོ་བཅུ་ལ་ཉེ་བའི་དུས་འདིར་རྒྱལ་བ་སྨན་རིའི་སྲོལ་རྒྱུན་ལྟར་བོན་གྱི་མདོ་སྔགས་རྫོགས་སོགས་ཐུན་མིན་གྱི་གཞུང་ཆེན་བཀའ་པོད་ཁག་གི་དགོངས་དོན་ལ་བགྲང་བྱ་བཅུ་ཕྲག་རིང་ཐོས་བསམ་ལེགས་པར་མཛད་རྗེས་མཐར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་འབྲས་བཟང་སྨིན་པའི་སྐབས་འདིར། སྤྱི་ཟླ་༨ཚེས་༢༢སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག ཀླུ་ཕུག་དགོན་པའི་བསྟན་བདག་མཁན་པོ་ཞུ་བླ་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་དང་། དཔོན་སློབ་གཡུང་དྲུང་གཙུག་ཕུད། མཚན་ཉིད་མཁན་པོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། བཀའ་རམ་པ་ཞུ་གཡས་དྲང་སྲོང་གཡུང་དྲུང་རྒྱ་མཚོ་མཆོག་རྣམས་ཕྱོགས་སོ་སོ་ནས་སེར་ཕྲེང་དང་སྤོས་འདྲེན་གྱི་སྣ་དྲངས་ཏེ། གསས་ཁང་གཡུང་དྲུང་བཀྲ་གསལ་དུ་གདན་ཞུ་དང་འབྲེལ་ཁྲིར་བཞུགས་མཛད་པ་དང་། དེ་ནས་བཀའ་རམ་པ་ཞུ་གཡས་དྲང་སྲོང་གཡུང་དྲུང་རྒྱ་མཚོ་མཆོག་ནས་སྔོན་འགྲོའི་བཤད་པ་གྱེར་བ་དང་། སོག་གྲུ་ཁུག་ཞུ་ཚང་བླ་བྲང་ནས་འདུས་སྡེ་ཡོངས་ལ་ཟབ་ཇ་དང་འབྲས་སིལ་གྲོ་མ་མར་ཁུ་སོགས་གསོལ་སྟོན་དྲངས་ཞིང་སྐུ་འགྱེད་རྒྱས་འབུལ་ཞུས། དེ་ནས་ཉིན་གུང་འདུས་སྡེ་ཡོངས་ལ་ཁོང་གི་གཏོང་སྒོ་ཆེན་མོ་དམ་ཐུག་དང་བླ་བྲང་ཁང་དུ་གསོལ་སྟོན་བཤམས། དེ་ནས་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀའ་རམ་པ་ཞུ་གཡུང་དྲུང་རྒྱ་མཚོ་མཆོག་དངོས་གཞིའི་བཤད་པ་གྱེར་ནས་བཀྲ་ཤིས་མཇུག་བསྡུ་མཛད་ལ།

initpintu_副本.jpgDSC01403_副本.jpg

          དེ་བཞིན་སྤྱི་ཟླ་༨ཚེས་༢༣ སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཀའ་རམ་པ་ཞུ་གཡས་དྲང་སྲོང་སྨོན་ལམ་རྒྱ་མཚོ་མཆོག་ནས་སྔོན་འགྲོའི་བཤད་པ་གྱེར་བ་དང་། ཞུ་བཀྲ་ཤིས་ཚང་ནས་འདུས་སྡེ་ཡོངས་ལ་ཟབ་ཇ་དང་འབྲས་སིལ་གྲོ་མ་མར་ཁུ་སོགས་གསོལ་སྟོན་དྲངས་ཞིང་སྐུ་འགྱེད་རྒྱས་འབུལ་ཞུས། དེ་ནས་ཉིན་གུང་འདུས་སྡེ་ཡོངས་ལ་ཁོང་གི་གཏོང་སྒོ་ཆེན་མོ་དམ་ཐུག་དང་བླ་བྲང་ཁང་དུ་གསོལ་སྟོན་བཤམས། དེ་ནས་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀའ་རམ་པ་ཞུ་སྨོན་ལམ་རྒྱ་མཚོ་མཆོག་དངོས་གཞིའི་བཤད་པ་གྱེར་ནས་བཀྲ་ཤིས་མཇུག་བསྡུ་མཛད། དེ་ནས་སྤྱི་ཟླ་༨ཚེས་༢༤ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཀའ་རམ་པ་བྲ་བོ་དྲང་སྲོང་བརྩོན་འགྲུས་རྒྱལ་མཚན་མཆོག་ནས་སྔོན་འགྲོའི་བཤད་པ་གྱེར་བ་དང་། ཆེ་རྒྱུད་ཐང་སྲས་ཚང་ནས་འདུས་སྡེ་ཡོངས་ལ་ཟབ་ཇ་དང་འབྲས་སིལ་གྲོ་མ་མར་ཁུ་སོགས་གསོལ་སྟོན་དྲངས་ཞིང་སྐུ་འགྱེད་རྒྱས་འབུལ་ཞུས། དེ་ནས་ཉིན་གུང་འདུས་སྡེ་ཡོངས་ལ་ཁོང་གི་གཏོང་སྒོ་ཆེན་མོ་དམ་ཐུག་དང་བླ་བྲང་ཁང་དུ་གསོལ་སྟོན་བཤམས། དེ་ནས་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀའ་རམ་པ་བྲ་བོ་དྲང་སྲོང་བརྩོན་འགྲུས་རྒྱལ་མཚན་མཆོག་དངོས་གཞིའི་བཤད་པ་གྱེར་ནས་བཀྲ་ཤིས་མཇུག་བསྡུ་མཛད། དེ་ནས་སྤྱི་ཟླ་༨ཚེས་༢༥ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཀའ་རམ་པ་གཙང་ཚྭ་དྲང་སྲོང་ཚུལ་ཁྲིམས་བཀྲ་ཤིས་མཆོག་ནས་སྔོན་འགྲོའི་བཤད་པ་གྱེར་བ་དང་། གཙང་ཚྭ་བསམ་འགྲུབ་ཚང་ནས་འདུས་སྡེ་ཡོངས་ལ་ཟབ་ཇ་དང་འབྲས་སིལ་གྲོ་མ་མར་ཁུ་སོགས་གསོལ་སྟོན་དྲངས་ཞིང་སྐུ་འགྱེད་རྒྱས་འབུལ་ཞུས། དེ་ནས་ཉིན་གུང་འདུས་སྡེ་ཡོངས་ལ་ཁོང་གི་གཏོང་སྒོ་ཆེན་མོ་དམ་ཐུག་དང་བླ་བྲང་ཁང་དུ་གསོལ་སྟོན་བཤམས། དེ་ནས་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀའ་རམ་པ་གཙང་ཚྭ་དྲང་སྲོང་ཚུལ་ཁྲིམས་བཀྲ་ཤིས་མཆོག་དངོས་གཞིའི་བཤད་པ་གྱེར་ནས་བཀྲ་ཤིས་མཇུག་བསྡུ་མཛད་ལ། ཚེས་༢༦ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཀའ་རམ་པ་ཞུ་གཡུང་དྲུང་རྒྱ་མཚོ་དང་། ཚུལ་ཁྲིམས་བཀྲ་ཤིས་རྣམ་གཉིས་དམ་བཅའ་ངག་རྒྱུགས་ཕུལ་ཞིང་། མཁར་དམར་བླ་བྲང་དང་སྤ་བླ་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱིས་འདུས་སྡེ་ཡོངས་ལ་སྐུ་འགྱེད་བསྩལ། ཕྱི་དྲོ་བཀའ་རམ་པ་རྣམ་གཉིས་དམ་བཅའ་ཆེན་མོ་བཞུགས་པས་དགེ་བཤེས་གཤེན་བསྟན་རབ་གསལ་གཙོས་པའི་སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་ཁག་གི་དཀའ་གནད་དུ་མར་དགག་བཞག་སྤོང་གསུམ་གྱི་རྩོད་པ་ཡང་དག་མཛད། དེ་ནས་ཚེས་༢༧ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཀའ་རམ་པ་ཞུ་གཡས་དྲང་སྲོང་སྨོན་ལམ་རྒྱ་མཚོ་དང་། བྲ་བོ་དྲང་སྲོང་བརྩོན་འགྲུས་རྒྱལ་མཚན་རྣམ་གཉིས་དམ་བཅའ་ངག་རྒྱུགས་ཕུལ་ཞིང་། རྫ་སྲིབ་གྲོང་ཚོ་བཅོ་ལྔ་པས་འདུས་སྡེ་ཡོངས་ལ་གསོལ་ཚིག་དང་སྐུ་འགྱེད་ཕུལ།

                      12_副本.jpg

                                                    དགེ་བའི་བཤེས་གཉེན་རྣམ་པ་བཞི་དགེ་བཤེས་ཁྲི་བཞེངས་དང་སྐལ་བཟང་ལེགས་འབུལ་གྱི་བྱེད་སྒོ།

          དེ་ནས་ཕྱི་དྲོར་གཡུང་དྲུང་གླིང་གི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་། སྦྲ་ཆེན་རྫོང་ཁོངས་དགོན་རི་ཁྲོད་བཅུ་དྲུག་གི་བསྟན་བདག་བླ་མ་རྣམས་ཕེབས་བསུ་ཟབ་རྒྱས་ཞུས། དེ་ནས་ཚེས་༢༨ཉིན་སྔ་དྲོར་དཔོན་སློབ་ཁྲི་གསོལ་དང་། ཕྱི་དྲོར་དགེ་བཤེས་རྣམ་པ་བཞི་ཁྲི་བཞེངས་དང་སྐལ་བཟང་ལེགས་འབུལ་ཞུས། ཚེས་༢༩ཉིན་བོན་འབྲོག་དད་སྦྱིན་ལྷ་སྡེ་ཡོངས་ལ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་གྱི་བཀའ་དབང་ཟབ་མོ་བཀའ་དྲིན་དུ་བསྩལ། ཚེས་༣༠ཉིན་ཐེངས་འདིའི་དགེ་བཤེས་རྣམ་པ་བཞི་ཡིས་བླ་བྲང་ཁང་དུ་གསོལ་སྟོན་ལེགས་པར་བཤམས་ཤིང་། འདུས་སྤྱི་ཡོངས་དེར་ཕེབས་ནས་བཞུགས་མོལ་གྱི་ཚུལ་དུ་དཔོན་སློབ་མཆོག་གིས་ཚོགས་འདུའི་གཙོ་སྐྱོང་གནང་ཞིང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་བསྟན་དོན་ལ་དམིགས་པའི་དགོངས་འཆར་དང་བཀའ་སློབ་ཟབ་རྒྱས་བསྩལ་ཞིང་མཛད་སྒོའི་མཇུག་ཡོངས་སུ་གྲུབ་པར་བྱས་པ་བཅས་སོ།།

                    DSC01286_副本.jpg

                                     གཡུང་དྲུང་གླིང་གི་མཁན་པོ་གཙོས་སྦྲ་ཆེན་དགོན་རི་ཁྲོད་བཅུ་དྲུག་གི་བླ་མ་རྣམས་ཕེབས་བསུ་ཞུ་བའི་སྐབས་ཀྱི་རྣམ་པ།

                     17_副本.jpg

                                                སྦྲ་ཆེན་རྫོང་དགོན་རི་ཁྲོད་བཅུ་དྲུག་གི་མི་སྣ་སྐལ་བཟང་ལྷན་འཛོམས་ཀྱི་དྲན་རྟེན་འདྲ་དཔར།

                     18_副本.jpg

  སྦྲ་ཆེན་ཀླུ་ཕུག་དགོན་པའི་ཁྱད་པར་གསུམ་ལྡན་གྱི་མཛད་སྒོ་མཇུག་སྒྲིལ་སྐབས་གཡས་རུའི་འཆད་རྩོད་ཀྱི་དྲན་རྟེན་དང་ལེགས་མཚོན་བཀྲ་ཤིས་པའི་དར་དཀར་གསོལ་བ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།