༧དཔལ་ཤར་རྫ་བ་ཟག་མེད་འཇའ་ལུས་ཀྱི་སྐུ་རུ་གྲོལ་ནས་ལོ་ངོ་༨༠འཁོར་བའི་མཛད་སྒོ།

[ཟླ་ཚེས། 2014-06-23 19:38:35][རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg

དཔལ་རྗེ་བཙུན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་ཟག་མེད་འཇའ་ལུས་ཀྱི་སྐུ་རུ་གྲོལ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ།

      ཞང་བོད་འཕགས་གྲུབ་མཁས་པའི་གཙུག་རྒྱན་རྗེ་བཙུན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་ཉིད། དགུང་ལོ་དོན་དྲུག་བཞེས་པ་སྤྱི་ལོ༡༩༣༤ལོའི་བོད་ཟླ་བཞི་བའི་ཚེས༡༣ཉིན་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་ཟག་མེད་འཇའ་ལུས་འོད་སྐུར་གྲོལ་བ་ཡིན་ཏེ། དེ་ནས་ད་ལྟ་སྤྱི་ལོ༢༠༡༤ལོའི་ཟླ་བཞི་བའི་ཚེས༡༣ཉིན་བར་ཏག་ཏག་ལོ་ངོ་བརྒྱད་ཅུ་འཁོར་བར་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་འདིར། ཆེས་གཟི་བརྗིད་དང་ངོ་མཚར་བའི་མཛད་རྗེས་ཀྱི་དུས་མཆོད་ཆེན་མོ་ཤར་རྫའི་རི་ཁྲོད་དགེ་ཐང་བཤད་སྒྲུབ་པདྨ་རྒྱས་པའི་དགའ་ཚལ་ནས་གཟབ་རྒྱས་ངང་འཚོགས།

22-1.jpg22-2.jpg

      ༢༠༡༤ལོའི་བོད་ཟླ་བཞི་བའི་ཚེས༡༢ཉིན་ནས་དུས་མཆོད་ཆེན་མོའི་དབུ་བཟུང་སྟེ། དཀྱིལ་འཁོར་བཅའ་གཞིའི་རིམ་པ་སྔོན་དུ་བཏང་ནས་ཚོགས་སྦྱོར་གྱི་ཡོ་བྱད་རྒྱ་ཆེར་བསགས། ཚེས༡༣ནས་བདེར་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཤིང་། ཡན་ལག་བཅོ་བརྒྱད་ཀྱི་སྒྲུབ་པའི་གཞུང་བསྲིངས་ཏེ་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་མ་ཟད། ཚོགས་ཡུན་ཉིན་གསུམ་གྱི་རིང་ལ་དཔལ་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མཆོག་དང་། མཁན་པོ་རིག་འཛིན་དབང་གི་རྒྱལ་བོ། མཁན་སྤྲུལ་ཉི་མ་བསྟན་འཛིན། དཔྲ་སྲས་ཡིད་བཞིན་དབང་རྒྱལ། གདུང་སྲས་བསོད་ནམས་ལྷ་རྒྱལ། འབུམ་རྨད་སྤྲུལ་སྐུ་ཟླ་བ་ཡེ་ཤེས། དགེ་བཤེས་རིག་འཛིན། དགེ་བཤེས་གཡུང་དྲུང་རྣམ་རྒྱལ་སོགས་ཀྱི་གཙོས་བླ་སྤྲུལ་འདུས་པ་ཉིས་བརྒྱ་བརྒྱད་ཅུ་ལྷག་འདུས་ཏེ་ཕྱི་ནང་སྣོད་བཅུད་ཀྱི་ཡོ་བྱད་ཚོགས་སུ་སྦྱར་ཏེ་བསྔོ་སྨོན་ཡང་དག་མཛད།

33-1.jpg33-2.jpg

      དེ་མཚུངས་སུ་བོད་ལྗོངས་ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཁྲ་རྒན་དགོན་པས་ཉིན་བདུན་གྱི་རིང་ལ་ཚོགས་འཁོར་རྒྱས་སྤྲོས་དང་། ཁྱུང་པོ་ཀོ་རྒྱལ་དགོན་པའི་སྒྲུབ་གྲྭ། སྟེང་ཆེན་སྤེ་ནེ་རི་ཁྲོད། འཇོ་མདའ་རྫོང་གི་སྟག་ཞིག་དགོན། སེ་ཞིག་དགོན། ཞུ་ཞིག་དགོན། མཚོ་སྔོན་བོན་བརྒྱ་དགོན། སི་ཁྲོན་སྡེ་དགེ་རྫོང་ཁོངས་ཀྱི་ཐར་བདེ་དགོན། ཁྲོ་ཚང་དགོན། སྨོན་རྒྱལ་དགོན། འབུམ་རྨད་དགོན། རྫ་སྟེང་ཆེན་དགོན། བོན་པོ་དགོན། ཟེར་འཕྲོ་དགོན། ཉག་ཤོད་ཡུལ་གྱི་རྒྱ་ཞིག་དགོན་དང་། གོང་རྒྱལ་དགོན། བྱ་བཏང་རི་ཁྲོད། སུ་ལ་རི་ཁྲོད། མི་ནུབ་དགོན། བྲག་མགོ་རྫོང་གི་གཞི་རིང་དགོན། གཞི་རིང་རི་ཁྲོད། རྒྱལ་རོང་ཆེས་མཐོ་སློབ་གླིང་། འབའ་ལི་ཐང་འགྲོ་མགོན་དགོན་བཅས་ནས་ཀྱང་དུས་ཆེན་འདི་དང་བསྟུན་ཏེ་བསོད་ནམས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་དམིགས་པ་མེད་པའི་དགེ་བ་འགྲོ་ལ་བསྔོ་བའི་གནས་ཚུལ་བསྡུས་ཕྲན་ཙམ་ཞིག་བཀོད་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།