བྲག་འགོ་རྒྱལ་རོང་བཤད་སྒྲུབ་གླིང་དུ་ཤར་རྫ་བའི་དུས་དྲན་འཚོགས་པ།
[ཟླ་ཚེས། 2014-06-18 07:53:42][རྩོམ་པ་པོ། ཁྱུང་སྲས་རིག་གྲོལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བྲག་འགོ་རྒྱལ་རོང་དགོན་དུ་༧དཔལ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་ཟག་མེད་འཇའ་ལུས་གཤེགས་ནས་བགྲང་བྱ་བརྒྱད་ཅུར་ཟིན་པའི་དུས་དྲན་འཚོགས་པ།
སྤྱི་ལོ/༢༠༡༤/༦/༡༣ཉིན་ནས་ཚེས/༡༥/བར་ཉིན་གསུམ་གྱི་རིང་ལ་ཞྭ་དཀར་གཡུང་དྲུང་བོན་གྱི་ཡོངས་རྫོགས་བསྟན་པའི་བདག་ཉིད་ཆེན་མོ་༧དཔལ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག ཟག་མེད་འཇའ་ལུས་གཤེགས་ནས་བགྲང་བྱ་བརྒྱད་ཅུར་ཟིན་པའི་དུས་དྲན་དུ།
༧ སྤྲུལ་སྐུ་འཆི་མེད་གཡུང་དྲུང་མཆོག་གིས་ཐུགས་བཀོད་འོག བྲག་འགོ་རྒྱལ་རོང་དགོན་ཆེན་གྱི་བཤད་སྒྲུབ་གཉིས་ལྡན་གྱི་བཙུན་མའི་གླིང་གིས། ཉིན་དང་པོར་བླ་མའི་མཆོད་པ་དང་། རྩོད་པའི་མཆོད་པ། མར་མེ་ཁྲི་མཆོད་ཅི་མང་ཕུལ། དགོང་མོ་ལ་གློག་མཆོད་དང་མར་མེ་བསྒྲོན་ནས་དགེ་སློབ་ཡོངས་དང་ལྷ་སྡེ་ཚང་མས་གསོལ་འདེབས་དང་ཕྱག་སྐོར་བྱས།
ཉིན་གཉིས་པར་དྲན་པའི་ཚོགས་འཁོར་བསྐོར་ཅིང་སྔ་ཉིན་ལྟར་ཕྱག་དང་སྐོར་བ་བྱས། ཉི་གསུམ་པར་ཐོ་རངས་གསོ་སྦྱོང་འཚོགས། སྔར་དྲོ་ལ་བསང་མཆོད་རྒྱ་ཆེན་ཕུལ་བས་མཚོན་དགེ་སྐུལ་གང་ལེགས་ཀྱིས་རྒྱལ་བ་ཤར་རྫ་བས་གཡུང་དྲུང་བོན་ལ་བཞག་པའི་བྱས་རྗེས་བླ་ན་མེད་པའི་རྗེས་དྲན་དང་། སྙིགས་དུས་འདྲེན་པ་ཆེན་པོ་ཁོང་གི་ཐུགས་སྨོན་དང་མཛད་ཕྲིན་ཐམས་ཅད་སྲིད་པའི་མཐའ་ཡང་ནུབ་པ་མེད་པའི་དན་རྟགས་སུ་སྤེལ་བའོ།།
༧ཀྱེ་སྟོན་པའི་རྗེས་འཇུག་སྐྱེས་བུ་བསམ་ཡོད་རྣམས། །འདི་སྣང་མི་རྟག་དལ་ཙམ་མཁྱེན་ལགས་སམ། །ཕྱི་མའི་བྱང་ཆུབ་སྒྲུབ་ལ་ནན་ཏན་མཛོད། །འཆི་ཁར་བློ་བདེ་བྱུང་ན་གོ་ཆོད་ཡིན། །ཞེས་ཞལ་ཆེམ་དྲོན་མོ་བསྩལ་བ་ཡིད་ལ་འཆང་སྟེ་འཆི་ཁར་ཕན་པའི་དགེ་སྦྱོར་རྣལ་མ་ཞིག་ལ་བརྩོན་པར་རིགས། ཁྱད་པར་དུ་རང་གི་རེ་བ་ཕྲན་བུ་ཞིག་ཡོད་པ་ནི་ཚེ་གཅིག་ལ་ཤ་སྤངས་མ་ཐུབ་ཀྱང་ཟླ་བ་འདིའི་ནང་དུ་ཤ་མི་གསོལ་ཏེ་རང་ལ་དགེ་བའི་སྐལ་བ་མི་ཆད་པ་མཛད་རྒྱུ་བཀའ་དྲིན་ཆེ་ཞེས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞུ་བ་ལགས་སོ།། ཁྱུང་སྲས་རིག་གྲོལ་ནས།